ཨ་རིའི་གྲོས་ཚོགས་གོང་མས་ཧོང་ཀོང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱས་འདུག

ཧོང་ཀོང་ནང་མང་གཙོའི་ལས་འགུལ་བ་དང་ཉེན་རྟོག་པའི་བར་དྲག་པོའི་གདོང་ཐུག་ཚབས་ཆེ་རུ་འགྲོ་བཞིན་པ་དང་བསྟུན། ཨ་རིའི་གྲོས་ཚོགས་གོང་མས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་བྱས་འདུག

ཟླ་༡༡ པའི་ཚེས་༢༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༡༩ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ། ཧོང་ཀོང་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་དང་། དེ་དག་རྡོག་རོལ་གཏོང་མཁན་ཚོར་ཉེས་ཆད་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་ཞེས་པར། སྤྱི་མོས་རྒྱབ་སྐྱོར་བྱས་འདུག ཁྲིམས་འཆར་དེ་གྲོས་ཚོགས་གོང་འོག་གཉིས་ནས་རྒྱབ་སྐྱོར་ཡོང་བའི་རིམ་པ་གཉིས་པ་འགྲོ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་སྲིད་འཛིན་ཊོམ་ལ་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་བྱེད་ཆེད་དུ་མཁོ་སྤྲོད་བྱེད་རྒྱུ་ཡིན་འདུག

ཁྲིམས་འཆར་འདོན་མཁན་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷེཡོ་ནི་རྒྱུན་དུ་ནས་བོད་དང་ཧོང་ཀོང་སོགས་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདོན་མཁན་ཞིག་ཡིན་པ་དང་། ཐེངས་འདིར་ཧོང་ཀོང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་རྗེས། “ཨ་རིའི་གྲོས་ཚོགས་གོང་མས་ཧོང་ཀོང་ནང་རྒྱུན་རིང་ནས་གཅེས་འཛིན་བྱེད་བཞིན་པའི་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་མཁན་མི་མང་རྣམས་ལ། ང་ཚོས་ཁྱེད་ཚོའི་འབོད་སྒྲ་ཐོས་བྱུང་། ང་ཚོས་ཁྱེད་ཚོར་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཁྱེད་ཚོའི་རང་སྐྱོང་གི་དབང་ཚད་ལ་རྩིས་མེད་གཏོང་བཞིན་པར་ང་ཚོས་གང་ཡང་མི་བྱེད་པར་སྡོད་ཀྱི་མིན་”ཞེས་བརྗོད་འདུག དེ་ཡང་ཧོང་ཀོང་གི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ལས་འགུལ་བ་དང་ཉེན་རྟོག་པའི་བར་དུ་དྲག་པོའི་གདོང་ཐུག་ཚབས་ཆེན་བྱུང་རྗེས། གྲོས་ཚོགས་གོང་མའི་ནང་དུ་ཁྲིམས་འཆར་དེ་འདོན་པར་རྒྱབ་སྐྱོར་བྱེད་མཁན་ཡང་མང་དུ་ཕྱིན་ཡོད་པ་རེད་འདུག

ཁྲིམས་འཆར་དེས་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་ལ་རྡོག་རོལ་གཏོང་མཁན་ངོས་འཛིན་བྱས་པའི་མཐོ་རིམ་དཔོན་རིགས་ཚོར་ཉེས་ཆད་གཏོང་རྒྱུ་དང་། དེ་བཞིན་ད་ལྟའི་ཆར་ཨ་རིས་ཚོང་གི་འབྲེལ་ལམ་ནང་ཧོང་ཀོང་དེ་རྒྱ་ནག་དང་ཁ་གཏད་ངོས་འཛིན་གྱིས་དམིགས་བསལ་གྱི་གནས་བབ་འོག་བཞག་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཧོང་ཀོང་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལག་བསྟར་སོགས་ལ་ཐག་གཅོད་བྱེད་པའི་རང་སྐྱོང་གི་དབང་ཚད་གང་འདྲ་ཡོད་མེད་ཞིབ་འཇུག་གིས། ཧོང་ཀོང་ལ་དམིགས་བསལ་གྱི་གནས་བབ་འོག་ཚོང་འབྲེལ་མུ་མཐུད་བྱེད་བབ་འོས་མིན་གྱི་ཐག་གཅོད་གསལ་བསྒྲགས་བྱེད་དགོས་ཀྱི་ཡོད་འདུག་པས། ཧོང་ཀོང་གཞུང་ལ་ཡང་གནོན་ཤུགས་སླེབས་སྲིད་པ་རེད་འདུག

གྲོས་ཚོགས་གོང་མས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་གཞན་ཞིག་ལ་རྒྱབ་སྐྱོར་བྱས་འདུག་པ་དང་། དེའི་ནང་ཨ་རི་ནས་ཧོང་ཀོང་ལ་ངོ་རྒོལ་བ་མི་མང་སྟངས་འཛིན་དམ་དྲག་བྱེད་པའི་འཕྲུལ་ཆས་དང་མཚོན་ཆ་རིགས་ཕྱིར་འདྲེན་བྱེད་ཆོག་གི་མེད་པ་རེད་འདུག

ཟླ་༡༠ པའི་ནང་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེ་དང་འདྲ་བ་ཞིག་སྤྱི་མོས་རྒྱབ་སྐྱོར་ཐོབ་ཡོད་པས། གྲོས་ཚོགས་གོང་འོག་གཉིས་ཀ་ནས་རྒྱབ་སྐྱོར་ཐོབ་ཟིན་པ་རེད། ད་ཆ་ཁྲིམས་འཆར་དེ་གཉིས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་འཛོམས་པའི་ཚོགས་ཆུང་ཞིག་ཏུ་འགྲོ་རྒྱུ་ཡིན་པ་དང་། ཚོགས་ཆུང་གིས་ཁྲིམས་འཆར་ལ་ཞིབ་འཇུག་བྱས་ཏེ་མཐའ་མའི་ཁྲིམས་འཆར་གཅིག་གཏན་འབེབས་བྱས་ཏེ། གྲོས་ཚོགས་གོང་འོག་གཉིས་ལ་རྒྱབ་སྐྱོར་ཡོང་ཆེད་དུ་གཏོང་རྒྱུ་ཡིན་པ་རེད། རྒྱབ་སྐྱོར་ཐོབ་པའི་རྗེས་སུ་སྲིད་འཛིན་ཊོམ་ལ་གཏོང་རྒྱུ་ཡིན་པ་རེད། ཁོང་གིས་ཁྲིམས་འཆར་དེར་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་བྱེད་པའམ། ཡང་ན་དགག་བྱ་བྱེད་པར་དུས་ཚོད་ཉིན་གྲངས་༡༠ ཡོད་པ་རེད་འདུག

ཁྲིམས་འཆར་དེར་ཧོང་ཀོང་ནང་གི་མང་གཙོ་ལས་འགུལ་བ་ཚོས་དགའ་བསུ་ཞུས་འདུག་ཀྱང་། ཧོང་ཀོང་གཞུང་གིས་ཕྱི་རྒྱལ་གྲོས་ཚོགས་ཀྱིས་ཧོང་ཀོང་གི་ནང་སྲིད་གནད་དོན་ལ་ཐེ་ཇུས་བྱེད་མི་རུང་བ་དང་། ཁྲིམས་འཆར་དེ་ནི་དགོས་མེད་ཞིག་ཡིན་སྐོར། དེ་ལ་བརྟེན་ནས་ཧོང་ཀོང་དང་ཨ་རིའི་འབྲེལ་ལམ་ལ་གནོད་སྐྱོན་བཟོ་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག དེ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་ཧོང་ཀོང་གནད་དོན་དེ་རྒྱ་ནག་དང་ཧོང་ཀོང་གི་ནང་སྲིད་གནད་དོན་ཡིན་པས། ཨ་རིའི་གྲོས་ཚོགས་ཀྱིས་མངོན་གསལ་དོད་པོའི་ཐོག་ནས་ཐེ་ཇུས་བྱས་པ་ཡིན་སྐོར་བརྗོད་འདུག

ཨ་རིའི་གཞུང་གིས་ལས་བྱེད་ཅིག་གིས་གལ་ཏེ་ཁྲིམས་འཆར་དེ་སྲིད་འཛིན་ཊོམ་གྱི་འབྲི་ཅོག་སྟེང་དུ་སླེབས་ཚེ། ཁྲིམས་འཆར་དེར་མིང་རྟགས་བཀོད་ཚེ་ཨ་རྒྱ་གཉིས་ཀྱི་ཚོང་དམག་གྲོས་མོལ་ལ་དོ་ཕོག་གཏོང་སྲིད་པར་སེམས་འཚབ་བྱེད་མཁན་དང་། ད་ཆ་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་ཧོང་ཀོང་གི་གནས་བབ་ཐོག་ཁ་གཏད་གཅོག་པའི་དུས་ལ་སླེབས་ཡོད་པར་ཡིད་ཆེས་བྱེད་མཁན་བཅས་ཊོམ་གྱི་ལས་རོགས་ཕྱོགས་ཁག་གཉིས་བར་བགྲོ་གླེང་ཤུགས་ཆེན་ཡོང་ངེས་པ་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༨༨༢ ཀློག་གྲངས།