ཨང་སན་སུ་ཅི་ཡིས་འབར་མའི་ནག་ཉེས་སྲུང་སྐྱོབ་བྱེད་རྒྱུ་རེད་འདུག

ཐེངས་དང་པོར་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་དུ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཞིག་སྟེ་ལྕམ་ཨང་སན་སུ་ཅི་སླེབས་ནས་འབར་མས་མི་རིགས་རྩ་མེད་ཀྱི་ནག་ཉེས་བསགས་པའི་ཉེས་འཛུགས་ལ་ཁ་གཏད་ཀྱིས་རྩོད་ལེན་བྱེད་རྒྱུ་ཡིན་པ་རེད་འདུག

ཟླ་༡༡ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་ཧྥེ་རི་ཀའི་ནང་དུ་ཁ་ཆེ་ཆོས་ལུགས་རྗེས་འབྲངས་པ་མང་ཤོས་ཡིན་མཁན་གྱི་རྒྱལ་ཁབ་ཆུང་ཆུང་གྷམ་བྷིཡ་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ཁང་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་དུ། ནང་པ་མང་ཤོས་ཡིན་པའི་འབར་མ་རྒྱལ་ཁབ་ཀྱིས་ཁ་ཆེ་རུང་གྷེ་ཡ་མི་རིགས་རྩ་མེད་གཏོང་བའི་ནག་ཉེས་བསགས་ཡོད་པའི་ཉེས་འཛུགས་ཀྱིས་ཁྲིམས་གཏུག་བྱས་འདུག་པ་དང་། དེ་ཡང་ཚོགས་མི་རྒྱལ་ཁབ་༥༧ ཡོད་པའི་ཁ་ཆེའི་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པའི་རྗེས་སུ་ཁྲིམས་གཏུག་བྱས་འདུག རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་དེར་རྒྱལ་ཁབ་ཕན་ཚུན་བར་མ་གཏོགས་ཁྲིམས་གཏུག་བྱེད་ཆོག་གི་མེད་པ་རེད་འདུག

ཡུ་རོབ་རྒྱལ་ཁབ་ནེ་ཐར་ལན་ཌར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་དེས་ཁ་མཆུ་དེའི་ཐོག་ཉན་ཞིབ་དང་པོ་དེ་ཟླ་༡༢ པའི་ཚེས་༡༠ ནས་༡༢ བར་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་པ་དང། འབར་མ་གཞུང་གིས་རྒྱལ་ཁབ་དེའི་འགོ་ཁྲིད་ལྕམ་ཨང་སན་སུ་ཅི་ཡིས། སྐུ་ཚབ་ཚོགས་པ་ཞིག་འགོ་ཁྲིད་ནས་རྒྱལ་སྤྱིའི་ཁྲིམས་ཞིབ་ཁང་དུ་ཉེས་འཛུགས་ལ་ཁ་གཏད་ཀྱིས་རྩོད་ལེན་བྱེད་རྒྱུ་ཡིན་པ་དང་། འབར་མས་རྒྱལ་སྤྱིའི་ཁྲིམས་རྩོད་པ་གྲགས་ཅན་གླས་ཡོད་སྐོར་བསྒྲགས་འདུག

ལྕམ་ཨང་སན་སུ་ཅི་ཡི་སྲིད་དོན་ཚོགས་པ་རྒྱལ་ཡོངས་དམངས་གཙོ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས། ཞུ་སྦྱོར་བས་ཨང་སན་སུ་ཅི་ཡིས་འབར་མའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་དང་བཀག་འགོག་བྱེད་ཐབས་བྱས་མེད་པའི་ཉེས་འཛུགས་བྱས་ཡོད་པས། མོས་ཁྲིམས་གཏུག་དེར་ཁ་གཏད་ཀྱིས་རྩོད་ལེན་བྱེད་རྒྱུ་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུག

ཁ་མཆུ་དེ་ནི་རྒྱལ་སྤྱིའི་ནང་ཁྲིམས་ཀྱི་ཐོག་ནས་འབར་མའི་དམག་མིས་ཁ་ཆེ་རུང་གྷེ་ཡ་མི་རིགས་དམར་གསོད། བཙན་གཡེམ། རྡུང་རྡེག མཁར་དངོས་མེར་བསྲེགས་སོགས་ཀྱི་ནག་ཉེས་བསགས་ནས། རུང་གྷེ་ཡ་མི་རིགས་འབུམ་༧ ལས་མང་བ་བྲོས་བྱོལ་འགྲོ་དགོས་བྱུང་ནས་ད་དུང་ཡང་ཕྱིར་ལོག་མ་བྱས་པར་ལྷག་ཡོད་པའི་གནས་སྟངས་ཐོག ཉེས་ཆད་གཏོང་ཐབས་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། དེ་བཞིན་གནད་དོན་དང་ཐད་ཀར་འབྲེལ་བ་མེད་པའི་རྒྱལ་ཁབ་གཅིག་གིས་གནད་དོན་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་གཅིག་ཁྲིམས་གཏུག་བྱེད་པའི་དཔེ་མཚོན་མཐོང་དཀའ་བ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག

གོ་ལའི་ཁྲིམས་ཞིབ་ལྟེ་གནས་ཁང་ཞེས་པའི་འགན་འཛིན་གྱིས། འབར་མ་གཞུང་གིས་ཕྱི་ལོ་༢༠༡༧ ལོར་དམག་མིའི་བྱ་སྤྱོད་བཀག་འགོག་དང་ཁ་གཏད་བྱས་ཐུབ་མེད་པ་དང་། ཐེངས་འདིར་ཁོ་ཚོས་རྒྱལ་སྤྱིའི་ནང་སྡིངས་ཆ་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཤིག་གི་ཐོག་ཏུ། འབར་མ་གཞུང་དང་དམག་མིའི་རུང་གྷེ་མི་རིགས་རྩ་མེད་གཏོང་བའི་ནག་ཉེས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པས། རྒྱལ་སྤྱིའི་ཚོགས་སྡེ་ཚོས་ད་དུང་ཡང་ཨང་སན་སུ་ཅི་དང་མོའི་སྲིད་གཞུང་གི་ལངས་ཕྱོགས་ལ་འཁྲུལ་སྣང་མེད་པར། ཞུ་སྦྱོར་བ་གྷམ་བྷི་ཡ་ལ་རྒྱབ་སྐྱོར་དང་། ཐབས་ལམ་གཞན་བརྒྱུད་ནས་འབར་མས་འགན་ཁུར་བྱེད་དགོས་པ་ཞིག་བཟོ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

དེ་བཞིན་བདུན་ཕྲག་སྔོན་མར་ཨར་ཇེན་ཀྲི་ན་ནང་དུ་འབར་མར་ཁྲིམས་གཏུག་གཅིག་བྱས་འདུག་པས། ནེ་ཐར་ལན་ཌར་ཡོད་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཁྲིམས་ཁང་གཞན་ཞིག་སྟེ། རྒྱལ་སྤྱིའི་ཉེས་ཅན་ཁྲིམས་ཞིབ་ཁང་གིས་། སྤྱི་ཁྱབ་ཁྲིམས་རྩོད་པར་ཁ་ཆེ་རུང་གྷེ་ཡར་དྲག་གནོན་དང་དམར་གསོད་ཀྱི་གནད་དོན་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་པའི་ཆོག་མཆན་སྤྲད་ཡོད་འདུག འབར་མ་གཞུང་གིས་ཞིབ་འཇུག་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་གྱི་མེད་པས་ངོས་ལེན་མེད་སྐོར་བརྗོད་འདུག

རུང་གྷེ་ཡ་ཁ་ཆེ་མི་རིགས་ཐོག་ལ་དྲག་རྒོལ་གྱི་གནས་ཚུལ་དེ་ལ་བརྟེན་ནས། རུང་གྷེ་མི་རིགས་འབུམ་༧ ལས་མང་བར་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིར་བྲོས་བྱོལ་དུ་འགྲོ་དགོས་འཁེལ་ཡོད་པ་དང་། ད་ལྟའི་ཆར་བྲོས་བྱོལ་བ་རྣམས་ཀྱི་གནས་སྟངས་ཛ་དྲག་འོག་གནས་ཡོད་ཀྱང་། འབར་མར་ཕྱིར་ལོག་རྒྱུའི་བསམ་བློ་མེད་མཁན་མང་པོ་ཡོད་འདུག གནད་དོན་དེ་དང་འབྲེལ་ནས་འབར་མའི་འགོ་ཁྲིད་ལྕམ་ཨན་སང་སུ་ཅི་ཡིས་དྲག་རྒོལ་དེར་སྐྱོན་བརྗོད་བྱེད་ཀྱི་མེད་པས། རྒྱལ་སྤྱིའི་ནང་ནས་ཁོང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཡང་བྱུང་ཡོད་ཁར། ཁོང་ལ་སྤྲད་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་མཁན་ཡང་མང་པོ་བྱུང་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༣༦ ཀློག་གྲངས།