རྫ་དབོན་པོ་རུ་བོད་རང་བཙན་སྐད་འབོད་བྱེད་མཁན་འཛིན་བཟུང་།

ཟླ་འདིའི་ཚེས་༢༡ ཉིན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་རྫ་ཆུ་ཁ་དབོན་པོ་རུ་གྲྭ་བ་ལྔ་འཛིན་བཟུང་བྱས་རྗེས། ཟླ་འདིའི་ཚེས་༢༡ ཉིན་མི་སྐྱ་གཉིས་ཀྱིས་བོད་རང་བཙན་གྱི་སྐད་འབོད་དང་། བོད་རང་བཙན་བྲིས་པའི་ཡིག་ཆ་མང་པོ་གཏོར་ནས་ངོ་རྒོལ་སྐད་འབོད་བྱས་སྟབས། རྒྱ་ནག་གིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན། ༢༠༡༩ ལོའི་ཕྱི་ཟླ་༡༡ པའི་ཚེས་༢༡ ཉིན་གྱི་ཉིན་རྒྱབ་རྫ་ཆུ་ཁ་དབོན་པོ་སྡེ་བའི་ཡུལ་མི་ཡོན་ཏན་ཟེར་བ་ཞིག་དང་། ཆོས་རྒྱལ་ཟེར་བའི་མི་སྐྱ་གཞོན་སྐྱེས་གཉིས་ཀྱིས་དབོན་པོ་ཡུལ་ཚོའི་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་ཀྱི་མདུན་ནས་བོད་རང་བཙན་གྱི་ཡིག་ཆ་གཏོར་ཞོར་དུ་བོད་རང་བཙན་དགོས་པའི་སྐད་འབོད་བྱས་རྗེས་ཉེ་རྟོག་པས་འཛིན་བཟུང་བྱས་འདུག ཁོང་གཉིས་འཛིན་བཟུང་མ་བྱས་པའི་སྔོན་ལ་བརྙན་ཐུང་གཉིས་བཟོས་ཡོད་པ་དང་། བརྙན་ཐུང་དེ་གཉིས་ཀྱི་ནང་དུ་༧ གོང་ས་མཆོག་གི་སྐུ་པར་དང་། སྣག་ཚ་དམར་པོ་དང་ནག་པོས“བོད་རང་བཙན”ཞེས་བྲིས་པའི་འགྲེམ་ཡིག ཁོང་གཉིས་ཀྱི་པར་བཅས་བསྒྲིགས་ནས་བཀྲམས་ཡོད་འདུག

ཁོང་གཉིས་ཀྱི་སྐད་འཕྲིན་གྱི་རྒྱབ་ཏུའང་“རང་གི་ཁ་ཕྱོགས” ཞེས་པ་དང་། “སྐད་ཆ”ཞེས་པའི་ཁ་བྱང་ཅན་གྱི་རྩོམ་ཐུང་གཉིས་བྲིས་ནས་སྤེལ་ཡོད་པ་དང་། ཡོན་ཏན་གྱི་སྐད་འཕྲིན་རྒྱབ་ཏུ། “རང་གི་ཁ་ཕྱོགས། ང་ཚོའི་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་སྲོག་ཤོར་བའི་སོང་བའི་དཔའ་བོ་རྣམས་དང་། ང་ཚོའི་མི་རིགས་ཀྱི་ཆེད་དུ་རང་བཙན་གྱི་རྩོད་ལེན་བྱེད་པའི་ཕོ་རྒོད་རྣམ་པ། ཁྱེད་རྣམས་གསོག་གཅོད་དང་སྡུག་བསྔལ་གྱི་ཁྲོད་དུ་སོང་ཡོད་པ་ང་ཡིས་ཐོས། ད་ལྟ་ང་ཚོ་དབོན་པོ་ནས་རང་བཙན་རྩོད་ལེན་བྱེས་པསའི་སྤུན་གྲོགས་རྣམ་པ་ཁྱེད་ཚོ་མུན་ནག་བཙོན་གྲལ་དུ་བཙན་གྱིས་ཁྲིད་སོང་བ་ང་ལ་སྐྱོ་སྡུག་ཧ་ཅང་ཆེ། མི་འགྱང་བར་ཐོན། སྤུན་ཟླ།” ཞེས་བཀོད་ཅིང་།

ཆོས་རྒྱལ་གྱི་སྐད་འཕྲིད་རྒྱབ་ཏུ། “སྐད་ཆ། སྡེབ་སྦྱོར་བརྩོམ་ལ་མཁས་པའི་ཡོན་ཏན་ང་ལ་མེད། ། ལག་མཁས་བྲིས་ལ་མཁས་པའི་ཡིག་རྩལ་ང་ལ་མེད། ། འཇོན་རྒྱ་ཤེས་རྒྱ་ཆེ་བའི་རིག་གནས་ང་ལ་མེད། ། མི་རིགས་ལ་རྒྱ་སོ་སོའི་ཕྲག་ཏུ་ཡོད། ནམ་ཡང་མི་དོར།”ཞེས་བཀོད་ཡོད་འདུག (མཆན་་་ཡིག་ནོར་ཁག་ཅིག་བཅོས་ཡིན།) ལྷ་རྒྱལ་ནི་ཉེ་ཆར་ཚེས་༡༨ ཉིན་འཛིན་བཟུང་བྱས་པའི་གྲྭ་ཉི་མའི་ཕ་མ་གཅིག་པའི་སྤུན་ཆེ་བ་ཡིན་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༤༣༦ ཀློག་གྲངས།