ཐའེ་ཝན་སྔ་འགྱུར་རྙིང་མ་པའི་སྨོན་ལམ།

༄༅།། ཨོཾ་བདེ་ལེགས་སུ་གྱུར་ཅིག

སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་།། བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ།། པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག། སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།། ཀ་དག་ཆོས་དབྱིངས་དྲི་མེད་མདངས་ལྡན་མཚོ།། ལྷུན་གྲུབ་རང་བྱུང་པདྨའི་སྡོང་པོའི་རྩེར།། གང་འདུལ་འགྲོ་ལ་སྤྲུལ་བའི་སྐུར་སྣང་བ།། སྐུ་གསུམ་སྟོན་པ་པདྨ་འབྱུང་གནས་རྒྱལ།། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་།། འཛམ་གླིང་བསྟན་པའི་སྲོག་ཤིང་ཞི་བ་འཚོ།། གངས་ཅན་མུན་སེལ་ཁྲི་སྲོང་ལྡེའུ་བཙན་རྗེ།། མཁན་སློབ་ཆོས་རྒྱལ་གསུམ་ལ་སྙིང་ནས་འདུད།།

རང་རེ་བཀུར་འོས་ངེས་གསང་བསྟན་པའི་རྒྱལ་ཐབས་ལ་རང་དབང་སྒྱུར་བ་མཚུངས་བྲལ་དཔལ་སྔ་འགྱུར་བསྟན་པའི་གཙུག་གི་རྒྱན་བྱེད། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་གི་གཙོས། དེ་རིང་འདིར་རིས་སུ་མ་ཆད་པའི་སྤྲུལ་སྐུ། མཁན་པོ། དགེ་བཤེས། སློབ་དཔོན། བླ་མ། དགེ་འདུན་གྱི་སྡེ་གྲྭ་བཙུན་དང་བཙུན་མ་རྣམས་དང་། དམིགས་བསལ་གྱི་སྐུ་མགྲོན་རྣམས་དང་། ཚོགས་བཅར་བའི་དད་ལྡན་ཕོ་མོ་ཚང་མར་དགའ་དད་སྤྲོ་གསུམ་གྱི་སྒོ་ཀུན་ནས་བསླང་དེ་འཚམས་འདྲིས་བཀྲ་ཤིས་བདེ་ལེགས་ཞུ།

གུས་པ་ཐེངས་འདིའི་ཐའེ་ཝན་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་པའི་ཚོགས་གཙོ་ཞིག་གི་མིང་ཡོད་པའི་ཆ་ནས། དེ་རིང་འདིར་བཀའ་དྲིན་མཚུངས་ཟླ་བྲལ་བའི་༧སྐྱབས་རྗེ་རྣམ་པ་གཉིས་དངོས་སུ་འདིར་ཞབས་སོར་འཁོད་ནས་ཐའེ་ཝན་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་སྨོན་ལམ་གྱི་ཚོགས་མགོན་དུ་ཕེབས་པར་ང་ཚོ་ཚང་མའི་བསོད་ནམས་ཀྱི་དཔལ་དུ་ཆེ་བ་ཡིན་པས། ངས་ཚང་མའི་ཚབ་བྱས་ནས་བཀའ་དྲིན་བླ་མེད་ཆེ་ཞུ། དེ་ཡང་དུས་ཚིགས་ཁྱད་པར་ཅན་བདག་ཅག་གི་སྟོན་པ་ཤཀྱ་ཐུབ་པ་ལྷ་ལས་བབ་པའི་དུས་ཆེན་གྱི་ཟླ་བ་འདི་དང་བསྟུན་ནས་ཐའེ་ཝན་རྒྱལ་སྤྱིའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཚོགས་ཐུབ་པ་ནི་ཧ་ཅང་དགའ་འོས་པའི་བྱ་བཞག་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཐའེ་ཝན་རྒྱལ་ཁབ་འདིར་མང་གཙོ་ལམ་ལུགས་ཡང་དག་དང་། ཆོས་ལྡན་གྱི་ཡུལ་གྲུ་མིང་དོན་མཚུངས་པ་ཞིག་ཡིན་ཞིང་། འདིར་རྣམ་འདྲེན་བཞི་བ་སྟོན་པ་ཐུགས་རྗེས་ཅན་སངས་རྒྱས་ཤཀྱ་ཐུབ་པའི་བསྟན་པའི་རྗེས་སུ་འཇུག་མཁན་གྱི་རིས་སུ་མ་ཆད་པའི་གདུལ་ཞིང་ཁྱད་པར་ཅན་དང་། གདུལ་བྱའི་དད་ལྡན་ཕོ་མོའི་ལྷག་བསམ་དང་ཡིད་ཆེས་ཀྱི་མེ་ཏོག་པདྨ་ཟུང་དུ་འབྲེལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ལྷག་པར་དུ་འདིར་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་འཚོག་དགོས་པའི་རྒྱུ་མཚན་གཙོ་བོ། སྤྱིར་འཛམ་གླིང་ཞི་བདེ་ཡོང་ཆེད་དང་། ཡང་དགོས་སུ་ཐའེ་ཝན་རྒྱལ་ཁབ་འདིར་འབྱུང་བཞིའི་འཇིགས་པ་ལས་དབེན་ཞིང་། ནད་མུག་འཁྲུག་རྩོད་སོགས་དང་དུས་ངན་གྱི་རྒུད་པ། མཐའ་དག་ཞི་བ་དང་། ཆར་ཆུ་དུས་སུ་འབབ་ཅིང་བདེ་སྐྱིད་ཕུན་སུམ་ཚོགས་པར་དབང་འབྱོར་ཡོང་ཆེད་དང་། སྔ་འགྱུར་རྙིང་མའི་ཆོས་ཚོགས་ཁག་གི་བླ་སྤྲུལ་མཁན་གསུམ་རྣམས་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ནུས་པ་མཉམ་སྤུངས་ཡོང་ཆེད་དང་། བོད་བརྒྱུད་དང་རྒྱ་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་རྣམས་མཐུན་ལམ་ཡོང་ཆེད་ཐའེ་ཝན་རྒྱལ་སྤྱིའི་སྔ་འགྱུར་སྨོན་ལམ་ཆེན་མོ་འདི་འཚོགས་དགོས་པ་ལེགས་ན།

རེ་ཞིག་དགོངས་པ་གཞན་དོན་ཏུ་སྐུ་ཞི་བར་གཤེགས་པའི་དཔལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་རྣམས་ཀྱིས་བཀའ་དགོངས་བཞིན་དུ། ༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེའི་མཚན་ཐོག་ནས་བཀའ་ཡིག་ཐད་ཀར་གནང་བ་དང་སྐྱབས་རྗེ་རྣམ་པ་གསུམ་གྱི་བཀའ་ལྡོག་ཏུ་མེད་པ་བབས་ནས། སྤྲུལ་སྐུ་རྒྱལ་ཚབ་རིན་པོ་ཆེ་དང་། རྡོ་རྗེ་སློབ་དཔོན་ཡོན་ཏན་རིན་པོ་ཆེ། ངེད་ཅག་གསུམ་གིས་ཀྱང་བཀའ་བཅག་མ་ནུས་པར་ལས་འགན་འདི་དང་ལེན་བྱེད་དགོས་བྱུང་། ང་ཚོས་འགན་འཛིན་ལྷན་ཚོགས་ནས་ཀྱང་དཀའ་ཚེགས་འཛེམ་མེད་དུ་སྤྱི་ཟླ་བཞི་པ་ནས་བཟུང་ད་ལྟའི་བར་ཏུ་ཐའེ་ཝན་རྒྱལ་སྤྱིའི་རྙིང་མའི་སྨོན་ལམ་གྱི་ཆེད་དུ་༧སྐྱབས་རྗེ་རྣམས་ཀྱི་མདུན་སར་བཅར་བ་དང་། ཐའེ་བཞུགས་སྔ་འགྱུར་རྙིང་མའི་ཆོས་ཚོགས་སོགས་ལ་འབྲེལ་གཏུག་དང་ཆོས་ཚོགས་ཀྱི་དབུ་འཛིན་རྣམས་ཚོགས་ཞུགས་དང་རྒྱུན་ལས་སུ་ཕེབས་བཞུགས་གནང་སྐྱོང་ཡོང་བར་འབོད་སྐུལ་ཞུས་པ་སོགས་དང་། རྒྱལ་ཁབ་ཁྲིམས་མཐུན་གྱི་སྨོན་ལམ་ཚོགས་པ་དེབ་སྐྱེལ་བྱེད་ཐབས་སུ་ཐའེ་ཝན་གཞུང་ལ་སྙན་ཞུའི་ཡིག་ཆ་དང་མཐུན་རྐྱེན་ཆ་ཚང་བ་ཞིག་ཡོང་ཆེད་དུ་ལས་རིམ་འགྲོ་བཞིན་པ་ཡིན། ཐའེ་ཝན་རྒྱལ་སྤྱིའི་སྨོན་ལམ་ཚོགས་སྐབས་སུ་གོ་སྒྲིག་གང་འདྲ་དགོས་མིན་དང་ཁྲིམས་མཐུན་ཐོག་ནས་དེབ་སྐྱེལ་བྱེད་སྟངས་ཀྱི་སྐོར་ལ། ཐའེ་བཞུགས་ཆོས་ཚོགས་ཀྱི་དབུ་འཛིན་ཚོགས་ཞུགས་པ་རྣམས་དང་མཉམ་དུ་ཚོགས་འདུ་ཐེངས་མང་བསྐོང་དགོས་ཡོད་པར་ཐའེ་བཞུགས་རྙིང་མའི་ཆོས་ཚོགས་མང་ཆེ་བས་མཁྱེན་གསལ་ལྟར་ཡིན། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་འདི་འདིར་འཚོགས་ཐུབ་པ་བྱུང་བ་ནི། སྔ་འགྱུར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེའི་ཡི་རངས་དང་རྒྱབ་སྐྱོར་གྱི་ཕྱག་ཡིག སྔ་འགྱུར་ཞེ་ཆེན་དགོན་པའི་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་ཡི་རངས་རྒྱབ་སྐྱོར་གྱི་ཕྱག་ཡིག སྔ་འགྱུར་ཨོ་རྒྱན་སྨིན་གྲོལ་གླིང་གི་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེའི་ཡི་རངས་དང་རྒྱབ་སྐྱོར་གྱི་ཕྱག་ཡིག སྔ་འགྱུར་རྣམ་གྲོལ་གླིང་གི་༧སྐྱབས་རྗེ་གྱང་ཁང་རིན་པོ་ཆེའི་ཡི་རངས་དང་རྒྱབ་སྐྱོར་གྱི་ཕྱག་ཡིག སྔ་འགྱུར་རྡོ་གདན་སྨོན་ལམ་ཆེན་མོའི་ཚོགས་པའི་ཚོགས་གཙོ་༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེས་ཡི་རངས་དང་རྒྱབ་སྐྱོར་གྱི་ཕྱག་ཡིག་བཅས་གནང་བར་བརྟེན། ལྷག་པར་ཏུ་སྐུ་ཞི་བར་གཤེགས་པའི་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག ༧སྐྱབས་རྗེ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ཡིན་པར་སྨོས་མ་དགོས་པ་དང་། ཐའེ་བཞུགས་རྙིང་མའི་ཆོས་ཚོགས་ཀྱི་དབུ་འཛིན་ ཚོགས་ཞུགས་གནང་མཁན་རྣམས་དང་ཚོགས་མི་ཚང་མས་རྒྱབ་སྐྱོར་དང་ལྷག་བསམ་ཁོ་ནས་འབྲས་བུ་ལ་བརྟེན་ནས་འཚོགས་ཐུབ་བྱུང་བ་ནི་མང་པོས་བཀྱགས་ན་སྡོང་པོ་ཡང་ཞེས་པའི་དཔེ་ལྟར་དུ། ཐའེ་ཝན་བོད་བརྒྱུད་ནང་བསྟན་གྱི་གཟི་བརྗིད་དང་ལྡན་པ་ཞིག་ཆགས་ཡོད། ང་ཚོའི་སྨོན་ལམ་ཚོགས་པའི་ལས་རིམ་འདི་མུ་མཐུད་དུ་འགྲོ་དགོས་ཀྱི་ཡོད་དུས་སྔ་འགྱུར་རྙིང་མ་པའི་ཆོས་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་དུ་མཉམ་ཞུགས་གནང་ཡོད་པ་རྣམས་དང་། མཉམ་ཞུགས་གནང་མ་ཐུབ་པ་རྣམས་མ་འོངས་པར་ཐའེ་བཞུགས་སྔ་འགྱུར་བའི་ཆོས་ཚོགས་གང་མང་མང་ཞིག་མཉམ་ཞུགས་བྱེད་རྒྱུར་རེ་བ་ཧ་ཅང་ཆེ་བས་དེ་ལུགས་ཀུན་གྱི་ཐུགས་མངའ་ཡོང་བ་འཚལ། རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཨོ་རྒྱན་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྗེས་འཇུག་སྔ་འགྱུར་བ་ཡོངས་ཀྱི་དམ་ཚིག་རྡོག་རྩ་ཆིག་སྒྲིལ་ཡོང་ཆེད་དང་། སྨོན་ལམ་འདི་རྒྱུན་སྐྱོང་ཡོང་བར་ཕན་ཐོགས་རྒྱ་ཆེན་ཡོད་པ་ཞུ་མ་དགོས་རང་གསལ་ཡིན་པ་དེ་ཚང་མས་མཁྱེན་གསལ་ལྟར། འདི་ནི་ང་ཚོ་མི་རེ་གཉིས་ཤིག་གི་བྱ་བ་མ་ཡིན་པར་ཐའེ་བཞུགས་རྙིང་མ་པའི་བླ་སྤྲུལ་མཁན་གསུམ་དགེ་འདུན་གྱི་སྡེ་རྣམས་དང་།

སློབ་འབངས་ཡོངས་ལ་མ་བསྒོས་རང་བབས་ཀྱི་ལས་འགན་ཞིག་ཡིན་པ་ནི་རྣམ་པ་ཚང་མའི་ཐུགས་ལ་དགོངས་འཇག་ཡོང་བ་གལ་ཆེ། དེ་ཡང་གུ་རུའི་ཞལ་ནས་ཀྱང་། གུ་རུ་ང་སྒྲུབ་ང་སྒོམས་ང་རྗེས་སྙོག། ང་མཐོང་སངས་རྒྱས་ཀུན་མཐོང་ཁྱད་པར་མེད།། བདེ་གཤེགས་འདུས་པའི་ངོ་བོ་ཉིད་ཡིན་ཕྱིར། ཞེས་དང་། སྙིགས་ལྔའི་རྒུད་པ་མུན་ལྟར་འཐིབས་ན་ཡང་།། རྒྱལ་དབང་པདྨའི་ཕྲིན་ལས་ཟླ་ལྟར་གསལ།། ཞེས་གསུངས་པ་ལྟར། ང་ཚོས་ཀྱང་འདི་ནས་བཀའ་དྲིན་གཞལ་མཐའ་དང་བྲལ་བའི་ཨོ་རྒྱན་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཐུགས་བསྐྱེད་དང་སྨོན་ལམ་གྱི་རྗེས་སུ་བསྙེགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཐའེ་ཝན་གྱི་ས་གནས་འདིར་དམ་པའི་ཆོས་ཀྱི་འོད་སྣང་གིས་ཁྱབ་པར་བྱེད་རྒྱུར་འབད་བརྩོན་བྱེད་དགོས་པ་ནི་ང་ཚོའི་ཚང་མའི་ཕྲག་ཏུ་བབ་པའི་འོས་འགན་ཞིག་རེད་བསམ་བཞིན་ཡོད། སྤྱིར་སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་འདིར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ཁྱད་པར་དུ་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པ་འདི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་མི་མཉམ་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་ཆེད་དང་། སྙིགས་དུས་ཀྱི་རྒུད་པ་མཐའ་དག་ལྷག་མེད་དུ་ཞུ་ནས་སྐྱེ་འགྲོ་ཡོངས་སུ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་། ལྷག་པར་དུ་བོད་མི་ཡོངས་ཀྱི་དབུ་ཁྲིད་བླ་ན་མེད་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧སྤྱི་ནོར་༧གོང་ས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། ༧སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ་མཆོག ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ། ༧སྐྱབས་རྗེ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། ༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ། ༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ། ༧སྐྱབས་རྗེ་གྱང་ཁང་རིན་པོ་ཆེ། ༧སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ། ༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེས་གཙོས། རིས་སུ་མ་ཆད་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་དང་། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་ཕྲིན་རླབས་པོ་ཆེ་ཕྱོགས་མཐར་ཀུན་ཏུ་རྒྱས་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ཡིད་བཞིན་ཏུ་འགྲུབ་པའི་ཆེད་དུ། མ་ཧ་གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་ཚོགས་མཆོད་དང་། གསོལ་ཁ། བར་ཆད་ལམ་སེལ་བཅས་སྨོན་ལམ་ཚོགས་སྐབས་སུ་ཐུགས་བསྐྱེད་ཟབ་རྒྱས་གནང་བ་དང་། སྨོན་ལམ་འདི་ལ་རྒྱུ་རྫས་དཀའ་ཚེགས་ཀྱི་སྒོ་ནས་འབྲེལ་བ་གང་ཡོད་པའི་དད་ལྡན་སྦྱིན་བདག་ཕོ་མོ་རྣམས་ལ་ཚེ་འདིའི་འགལ་རྐྱེན་བར་ཆད་ཞུ་ཞིང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡིད་བཞིན་ཏུ་འབད་མེད་ལྷུན་གྱིས་གྲུབ་ཅིང་། ཕྱི་མར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་དང་མཁའ་ཁྱབ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་བྱང་ཐོབ་ཆེད་དུ་ཐུགས་སྨོན་ཟབ་རྒྱས་གནང་བར་སྐུ་མཁྱེན་མཁྱེན་མཁྱེན།།

སླར་སྨྲས་པ།

མདོ་སྔགས་ཆོས་ཚུལ་ཚང་ལ་མ་ནོར་བ།། མཁས་ཤིང་གྲུབ་བརྙེས་རིག་འཛིན་བརྒྱུད་པའི་སྲོལ།། ཐུབ་བསྟན་སྙིང་པོ་གསང་སྔགས་སྔ་འགྱུར་པའི།། བསྟན་པ་འཕེལ་རྒྱས་འཛམ་གླིང་ཁྱབ་གྱུར་ཅིག། རྡོ་རྗེ་སློབ་དཔོན་ཞབས་བརྟན་བཞེད་པ་འགྲུབ།། དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བསྟན་པ་དར།། འཁོར་སློབ་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས།། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

དགེའོ།། དགེའོ།། དགེའོ།།

གོང་དུ་བཀོད་པ་དེ་ཐའེ་ཝན་སྔ་འགྱུར་རྙིང་མའི་སྨོན་ལམ་ཐེངས་གསུམ་པ་དེ་ཉིད་ཕྱི་ལོ་༢༠༡༩ ཟླ་༡༡ ཚེས་༡༦ ཉིན་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་དབུ་བཞུགས་ཀྱིས་འཚོགས་ཡོད་པ་དང་། སྐབས་དེར་ཐའེ་ཝན་སྔ་འགྱུར་རྙིང་མ་པའི་སྨོན་ལམ་གྱི་གོ་སྒྲིག་ཚོགས་གཙོས་ཐའེ་ཝན་སྔ་འགྱུར་སྨོན་ལམ་ཆེན་པོ་བྱུང་རིམ་དང་། དམིགས་ཡུལ། དགོས་པ་རྒྱུ་མཚན་བཅས་གསལ་བའི་གསུང་བཤད་གནང་བ་དེ་མཁྱེན་རྟོགས་ཆེད་བཀོད་པ་ཡིན།

Share this:
༢༧༡ ཀློག་གྲངས།