༧སྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་གྲོངས་འདུག 

ཟླ་༡༡ པའི་ཚེས་༢༦ ཉིན་གྱི་ནམ་ཕྱེད་ཆུ་ཚོད་༢ ཙམ་ལ་༧གོང་ས་མཆོག་གི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་གྲོངས་ཡོད་འདུག་པ་དང་། ཁོང་དགུང་ལོ་༩༢ ལ་ཟིན་ཡོད་འདུག
ཕྱི་ལོ་༡༩༢༧ ལོའི་ཟླ་༥ པའི་ཚེས་༡༥ ཉིན་བོད་ལྷོ་ཁ་རུ་འཁྲུངས་པ་དང་། ལོ་༢༠ ལ་གསོ་རིག་སློབ་སྦྱོང་མཐར་ཕྱིན་ཡོད་ཁར། ཕྱི་ལོ་༡༩༦༠ ལོར་བཙན་བྱོལ་དུ་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་བྱེད་མཁན་གྱི་གྲས་ཡིན་འདུག ཕྱི་ལོ་༡༩༧༩ བར་སྨན་རྩིས་ཁང་གི་འགན་འཛིན་དང་མཐོ་སློབ་ཀྱི་སློབ་སྤྱི་གནང་ཡོད་པ་དང་། ཕྱི་ལོ་༡༩༦༠ ནས་༡༩༨༠ བར་༧གོང་ས་མཆོག་གི་བླ་སྨན་པ་གནང་ཡོད་ཁར། འཛམ་གླིང་ཡུལ་གྲུ་གང་ས་ནས་འབྲས་ནད་ཀྱི་ནད་པ་སྟོང་ཕྲག་མང་པོར་སྨན་བཅོས་གནང་ཡོད་པ་རེད།

ཕྱི་ལོ་༢༠༡༨ ལོར་རྒྱ་གར་དབུས་གཞུང་གིས་ཁོང་གི་ཕྱག་ལས་ལ་ཆེ་མཐོང་གིས་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་བཞི་པ་(Padma Shri) སྤྲད་ཡོད་པ་དང། སྐབས་དེར་ཁོང་གིས་ལོ་མང་པོའི་རིང་ནད་པར་ཕན་ཐོགས་པའི་གྲུབ་འབྲས་ཡིན་པས་དགའ་པོ་བྱུང་སྐོར་དང་། དེ་བཞིན་ལོ་ན་མཐོན་པོར་ཡིན་ཡང་མུ་མཐུད་ནད་པར་སྨན་བཅོས་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ནི་༧གོང་ས་མཆོག་གི་བཀའ་མངགས་ལྟར་ནད་པར་ཕན་ཐོགས་ཆེད་ཡིན་སྐོར་གསར་འགོད་པར་གསུངས་ཡོད་པ་རེད། 

ཕྱི་ལོ་༢༠༡༩ ལོའི་ཟླ་༤ པའི་ཚེས་༡ ཉིན་ནས་བཟུང་ཁོང་གི་ལོ་ནའི་བབ་ཀྱིས་ནད་པར་བརྟག་དཔྱད་བྱེད་རྒྱུ་མཚམས་འཇོག་གནང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༣༩༠ ཀློག་གྲངས།