ནིའུ་ཡོག་ཏུ་བོད་མིས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ།

ཟླ་འདིའི་ཚེས་༧ ཉིན་དང་ཚེས་༢༡ ཉིན་བོད་མདོ་ཁམས་རྫ་ཆུ་ཁ་དབོན་པོ་སྡེ་བ་རུ། བོད་རང་བཙན་གྱི་ཡིག་ཆ་གཏོར་བ་དང་། བོད་རང་བཙན་སྐད་འབོད་བྱས་ཏེ་རྒྱ་ནག་ལ་ངོ་རྒོལ་བྱས་མཐར་རྒྱ་ནག་གིས་བོད་མི་སྐྱ་སེར་ཁག་ཅིག་འཇུ་བཟུང་བྱས་པར། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག ནིའུ་ཡོག་ཏུ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས། བོད་རང་བཙན་གཙང་མ་ཡིན་པ་དང་། རྒྱ་མིས་བོད་ཡུལ་བཙན་བཟུང་དང་བོད་མིའི་རང་དབང་ཕྲོགས་པར་ངོ་རྒོལ་སྐད་འབོད་བྱེད་རྒྱུ་ཡོད་ཅེས་བརྗོད་ནས། ཕྱི་ཟླ་༡༡ ཚེས་༢༥ ཉིན་ནིའུ་ཡོག་རྒྱ་ནག་གཞུང་ཚབ་སྒོ་རུ་ངོ་རྒོལ་སྐད་འབོད་བྱས་པ་དང་། ཚེས་༢༦ ཉིན་མཉམ་འབྲེལ་རྒྱལ་ཁབ་ལས་ཁུངས་སྒོ་རུ་བོད་དོན་རྒྱབ་སྐྱོར་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད།

ད་ལྟ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སེར་ཤུལ་རྫོང་གི་དམག་མི་འབོར་ཆེན་ཞིག་རྫ་སྨད་ལ་བསླེབས་ཏེ་སྲང་ལམ་ཁག་ཏུ་ཉེན་རྟོག་རླངས་འཁོར་མང་པོ་བཞག་ནས་ཡུལ་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་བཞིན་ཡོད་པ་དང་། འཛིན་བཟུང་བྱས་པའི་གཞོན་སྐྱེས་གཉིས་རྫ་སྨད་ནས་ཉིན་གཉིས་ལ་བཀག་ཉར་དང་རྡུང་རྡེག་དྲག་པོ་བཏང་རྗེས། ཕྱི་ཟླ་༡༡ ཚེས་༢༣ ཉིན་སེར་ཤུལ་རྫོང་ཐོག་ལ་ཁྲིད་འདུག ད་ལྟའི་ཆར་རྫ་སྨད་གྲོང་རྡལ་ལ་གློག་མིག་དང་ལྐོག་ཉན་འཕྲུལ་ཆས་བརྒྱུད་ནས་གང་སར་སོ་ལྟ་བྱེད་ཀྱི་ཡོད་པ་མ་ཟད། ཚོང་པ་དང་། སྤྲང་པོ། ཡུལ་མི་དཀྱུས་མ་བཅས་སུ་བརྫུས་ནས་ཕྱོགས་སོ་སོར་སོ་མྱུལ་བྱེད་ཀྱི་ཡོད་འདུག

རྫ་སྨད་སྲིད་གཞུང་ནི་རྫ་སྨད་དབོན་པོ་ཡུལ་ཚོ་དང་མཉམ་དུ་ཡོད་ཅིང་། ས་གནས་དེར་རྒྱུན་དུ་ཕྱོགས་གང་སའི་མི་འབོར་མང་པོ་འཛོམས་ཀྱི་ཡོད་པ་མ་ཟད། ཚོང་ཁང་དང་། ཟ་ཁང་། ཇ་ཁང་ཡང་མང་པོ་བཙུགས་ཡོད། སྲིད་གཞུང་དེའི་ཁྱབ་ཁོངས་སུ་དབོན་པོ་ཡུལ་ཚོ་དང་། ཁྲོམ་རྫ་ཡུལ་ཚོ། ཨ་རིག་རྫ་ཡུལ་ཚོ། དབལ་ཤུལ་ཡུལ་ཚོ། ཁྲོ་ཤུལ་གོང་མ་ཡུལ་ཚོ། ཁྲོ་ཤུལ་འགབ་མ་ཡུལ་ཚོ་བཅས་ཡོད་འདུག །
གསར་འགོད་པ་ཆོས་ཉིིད་འོད་ཟེར།

རྫ་དབོན་པོར་བོད་རང་བཙན་གྱི་ཡིག་ཆ་གཏོར་བ་དང་གྲྭ་པ་ཁག་ཅིག་འཛིན་བཟུང་བྱས།

རྫ་དབོན་པོ་རུ་བོད་རང་བཙན་སྐད་འབོད་བྱེད་མཁན་འཛིན་བཟུང་།

Share this:
༤༧༤ ཀློག་གྲངས།