༧གོང་ས་མཆོག་གི་ཡང་སྲིད་སྐོར་ལ་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་བཞག

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་༡༤ པའི་ཉིན་དང་པོར་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐོག་སྤྱི་མོས་ཀྱིས་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་བཞག་པ་དང་། ཚོགས་ཆེན་ཐོག་ཏུ་༧དཔལ་ས་སྐྱ་པའི་ཁྲི་འཛིན་མཆོག་གིས། ༧གོང་ས་མཆོག་ལ་ཡང་སྲིད་ཕེབས་པའི་གསོལ་འདེབས་ཞུ་རྒྱུ་གལ་ཆེན་ཡིན་པ་དང་། དེ་བཞིན་ཡང་སྲིད་ཕེབས་ཚར་དུས། གང་དུ་འཁྲུངས་མིན་ལ་མ་ལྟོས་པར་ཚང་མས་ངོས་ལེན་དང་ཡིད་ཆེས་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་། 

ཟླ་༡༡ པའི་ཚེས་༢༧ ཉིན་དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་སྐུ་ཚབ། མཁན་སྤྲུལ་སོགས་ཚོགས་བཅར་བ་༡༡༧ མཉམ་ཞུགས་ཀྱིས་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་༡༤ པ་དེ་དབུ་འཛུགས་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ཕྱི་ལོ་༢༠༠༧ ལོ་ནས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ཀྱི་ཁྲིམས་སྒྲིག་ངོ་སྤྲོད་དང་ལག་བསྟར་བྱེད་འགོ་བཙུགས་ནས་བཟུང་། ལོ་དེར་སྤྲུལ་སྐུ་༣༠༠ དང་༢༠༡༦ ལོར་༨༠༠། དེ་བཞིན་ཉེ་ཆར་༡༣༠༠ ངོས་འཛིན་བྱས་ཡོད་ཚུལ་བསྒྲགས་བཞིན་འདུག་པས། རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་ལོ་རྒྱུས་དང་འགལ་ཟླ། རྒྱལ་སྤྱིའི་ཁྲིམས་དང་འགལ་ཟླ། ཆོས་དད་རང་དབང་ལ་རྡོག་རོལ་བཏང་བ་ཡིན་པས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་གྱི་བདག་དབང་དེ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཁག་དང་བླ་སྤྲུལ་སོགས་ལ་ཡོད་པ་ལས། རྒྱ་ནག་གཞུང་ལ་མེད་པ་དང་དེའི་དབང་ཚད་ལ་ངོས་ལེན་མེད་པའི་བརྡ་ལན་སྤྲད་རྒྱུ་གལ་ཆེན་ཡིན་པ། རྒྱ་ནག་གཞུང་ནས་རྒྱ་གར་དང་རྒྱལ་སྤྱིའི་གསར་འགོད་པ་བཀོལ་སྤྱོད་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བདག་དབང་དེ་ཁོ་ཚོར་ཡོད་པའི་བརྡ་ལན་དང་སྡིགས་བསྐུལ་བྱས་ཡོད་ཀྱང་། ཨ་རིའི་གཞུང་འབྲེལ་ཐོག་ནས་ཉེ་ཆར་དམིགས་བསལ་ཚོགས་ཆེན་སྐབས་སུ་༧གོང་ས་མཆོག་གི་ཡང་སྲིད་ཐོག་ལ་བཞག་པའི་གྲོས་ཆོད་རྣམས་ལ་རྒྱབ་སྐྱོར་བྱས་ཡོད་པ། སྤྱི་ཚོགས་ནང་རྒྱ་ནག་ནང་བཞིན་ཨ་རིས་༧གོང་ས་མཆོག་གི་ཡང་སྲིད་ཐོག་ཐེ་བྱུས་བྱེད་ཀྱི་ཡོད་ཚུལ་བརྗོད་མཁན་ཡོད་འདུག་པས། དེ་གཉིས་ཐ་དད་ཡིན་པ་དང་། དེ་ཡང་རྒྱ་ནག་གིས་བདག་དབང་ཁོ་ཚོར་ཡོད་པ་དང་ཁོ་ཚོའི་བཀའ་ལ་ཉན་དགོས་སྐོར་བརྗོད་ཀྱི་ཡོད་ཀྱང་། ཨ་རིས་ཆོས་དད་རང་དབང་ཐོག་ནས་བོད་མིའི་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཡིན་སྐོར་གསུངས་སོང་།

དེ་རྗེས་༧དཔལ་ས་སྐྱ་པའི་ཁྲི་འཛིན་མཆོག་གིས་༧གོང་ས་མཆོག་གི་མཛད་རྗེས་དང་བཀའ་དྲིན་སྐོར་ལ་བཀའ་སློབ་གནང་བ་དང་འབྲེལ། ཆོས་ལུགས་དབར་མཐུན་སྒྲིལ་ཡོད་པ་ལྟར་གོང་འཕེལ་གནང་ཕྱོགས་ཐད་གྲོས་སྡུར་དགོས་རྒྱུ་གལ་ཆེན་དང་། དེ་བཞིན་ཚོགས་ཆེན་ཐོག་ཏུ་དགོན་སྡེ་ཁག་ནང་དགེ་འདུན་པ་བསྡད་མི་ཐུབ་པ་ཆགས་མཁན་གྱི་གནས་ཚུལ་མང་པོ་ཡོད་པ་ལྟར། དཀའ་ངལ་དེ་སེལ་ཐབས་སྐོར་ལ་ཡང་གྲོས་བསྡུར་གནང་ཐུབ་ན་དགེ་མཚན་ཆེ་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་༧གོང་ས་མཆོག་ལ་བོད་མི་ཚོས་ཡང་སྲིད་ཕེབས་པའི་གསོལ་འདེབས་ཞུ་རྒྱུ་གལ་ཆེན་ཡིན་པ་དང་། ཡང་སྲིད་ཕེབས་ཚར་བའི་རྗེས་སུ། སོ་སོའི་ས་གནས་དང་ཆོལ་ཁའི་ཁོངས་སུ་འཁྲུངས་པ་ཡིན་མིན་ལ་མ་ལྟོས་པར་ངོས་ལེན་དང་ཡིད་ཆེས་གནང་རྒྱུ་དེ་ཤིན་ཏུ་གལ་ཆེན་ཆགས་ཡོད། གལ་ཏེ་ཕྱོགས་ཁག་གཅིག་གིས་ངོས་ལེན་དང་གཅིག་གིས་ངོས་ལེན་མ་བྱས་པའི་གནས་ཚུལ་ལྷག་ཚེ་བར་ཆད་ཆེན་པོ་འབྱུང་རྒྱུ་ཡིན་པས། ཚང་མས་ད་ལྟ་ནས་སེམས་ལ་བག་ཆགས་བཟང་པོ་བཞག་ནས། མ་འོངས་པར་ཡང་སྲིད་གང་དུ་འཁྲུངས་ཀྱང་༧གོང་ས་མཆོག་གི་ཡེ་ཤེས་དབྱངས་དཔྱད་ཀྱིས་ངོས་འཛིན་གནང་བ་དེར་ཐེ་ཚོམས་མེད་པར་ཤར་བསྐྱོད་དང་ཡིད་ཆེས་བྱེད་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེའི་རྗེས་སུ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། ཐེངས་འདིའི་ཚོགས་ཆེན་ཐོག་ཏུ་༧གོང་ས་མཆོག་གི་ཡང་སྲིད་ཐོག དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་ཡོད་པ་ཞིག་འཇོག་རྒྱུ་ཡིན་པ་དེར། ཚང་མས་སྤྱི་མོས་གནང་བའི་རེ་སྐུལ་ཞུས་ཏེ། གྲོས་ཆོད་གསལ་བསྒྲགས་གནང་རྗེས། ཚོགས་བཅར་བ་ཚོས་དམིགས་བསལ་གྲོས་ཆོད་ལ་སྤྱི་མོས་རྒྱབ་སྐོུར་གནང་ཏེ་གཏན་འབེབས་གནང་སོང་།

དེ་ཡང་དམིགས་བསལ་གྲོས་ཆོད་ཀྱི་སྔོན་གླེང་། 

༄༅།། ཕྱི་ལོ་༡༩༦༩ ནས་བཟུང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་གསར་འགོད་པ་མང་པོས་གང་ཉིད་ཀྱི་ཡང་སྲིད་སྐོར་བཀའ་འདྲི་ཞུས་སྐབས། ཏཱ་ལའི་བླ་མའི་ཡང་སྲིད་ལམ་སྲོལ་སྔར་ལམ་བཞིན་རྒྱུན་སྐྱོང་དགོས་དང་མི་དགོས་བོད་མི་ཚོས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ཅེས་བཀའ་ལན་བསྩལ་ཡོད་པ་དང་། ཕྱི་ལོ་༢༠༡༡ ལོར་སྤྱི་ནོར་༧གོང་ ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་འཕགས་ཡུལ་དྷ་རམ་ས་ལར་བསྐྱངས་པའི་ཆོས་ཚོགས་ཐོག་གང་ཉིད་ཀྱི་ཡང་སྲིད་དང་འབྲེལ་བའི་སྐོར་ལ་གལ་ཆེའི་བཀའ་ཡིག་ཅིག་ཆེད་སྩོལ་མཛད་ཡོད་པར། ཆོས་ཚོགས་དེའི་སྟེང་ནས་བཀའ་ཡིག་གི་ནང་དོན་ལ་སྤྱི་མོས་ཀྱིས་ངོས་ལེན་རྒྱབ་སྐྱོར་ཞུས་པའི་གྲོས་ཆོད་དོན་ཚན་༥ ཅན་ཞིག་ཀྱང་སྣོལ་འཇོག་བྱུང་ཡོད་ན། ད་ཆ་བོད་མི་སྤྱི་ཡོངས་ནས་ྋརྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐོག་ཁྲིམས་འཕེར་ཡིག་ཆ་བཟོ་འཇོག་བྱ་གལ་ཆེ་བ་དང། ད་ཐེངས་ཆོས་ཚོགས་འདིའི་སྟེང་ནས་དེ་འབྲེལ་དམིགས་བསལ་གྲོས་ཆོད་ཅིག་སྣོལ་འཇོག་བྱ་རྒྱུ་དུས་ཀྱི་དགོས་མཁོར་མཐོང་།

གྲོས་ཆོད། ། 

༡༽ སྔ་མའི་ཐུགས་བསྐྱེད་དམ་བཅའ་དང་གདུལ་བྱ་འདུལ་བྱེད་ཀྱི་རྟེན་འབྲེལ་གྱི་དབང་གིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ་ྋརྒྱལ་དབང་སྐུ་ཕྲེང་རིམ་པ་དང་བོད་མི་རྣམས་ནམ་ཡང་ཁ་འབྲལ་ཐབས་མེད་པ་དང་། ཁྱད་པར་བོད་གངས་ཅན་གྱི་སྐྱེ་འགྲོ་རྣམས་གཉན་འཕྲང་གི་འགག་ཆེན་ལ་ཐུག་པའི་དུས་སྐབས་འདིར། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་། ྋརྒྱལ་བའི་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མུ་མཐུད་ངེས་འབྱོན་དགོས་པ་བོད་མི་ཡོངས་ཀྱི་བཅོས་མིན་མངོན་འདོད་ཡིན་པར་བརྟེན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དེ་དོན་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ། 

༢༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༧གོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་ྋརྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན།  

༣༽ ྋགོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས། ནང་པ་སངས་རྒྱས་བའི་གཞི་རྩའི་ལྟ་གྲུབ་ཡང་དག་ལ་བརྟེན་ཞིང་། མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུད་འཛིན་ལག་ལེན་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་ཡིན་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་༡༤ པའི་དབུ་བཞུགས་བླ་ཆེན་རྣམ་བ་དང་། ཚོགས་འཐུས་ཡོངས་ནས། བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ལ།།

སྤྱི་མོས་གྲོས་ཆོད་བཞག་ཚར་བའི་རྗེས་སུ་བླ་ཆེན་རྣམ་གྱིས་བཀའ་སློབ་མུ་མཐུད་གནང་བ་དང་། ཐེངས་འདིར་༧དཔལ་ས་སྐྱ་པའི་ཁྲི་འཛིན་མཆོག ༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ༧སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག ༧འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག ༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་༧གོ་ཤྲི་མཚུར་ཕུ་རྒྱལ་ཚབ་རིན་པོ་ཆེ་མཆོག ༧སྔ་འགྱུར་རྙིང་མའི་བླ་ཆེན་སྐུ་ཚབ་༧སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་མཆོག ༧འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག ༧སྟག་ལུང་ཞབས་སྤྲུལ་རིན་པོ་ཆེའི་སྐུ་ཚབ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ༧ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་བཅས་དབུས་པའི་བླ་སྤྲུལ་དང་མཁན་རིན་པོ་ཆེ། བཙུན་དགོན་ཁག་གི་སྐུ་ཚབ་སོགས་ཕེབས་འདུག 

ཐེངས་འདིའི་ཆོས་ཚོགས་ཐོག་ཏུ་གྲོས་གཞི་བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཇི་དགེ། ཆོས་ལུགས་གཞན་དང་ནང་པའི་ཆོས་བརྒྱུད་གཞན་དང་ལྷན་དུ་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོོགས་ཇི་དགེ། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ལ་བསྐྱར་ཞིབ། དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་ཁུར་གནང་ཕྱོགས་ཇི་དགེ། གོང་གསལ་གྲོས་གཞིར་མ་འཁོད་པའི་དོན་གནས་གཞན་ཐོག་བཅས་སུ་བཀའ་སྡུར་གནང་རྒྱུ་ཡིན་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༦༧༦ ཀློག་གྲངས།