སྦེལ་ཀོབ་ཀྱི་བོད་དགོན་ལ་འགྲོ་མཁན་ཡིན་ཟེར་བའི་བྱིས་པ་༢༦ ཉེན་རྟོག་པས་ཉར་ཡོད་འདུག 

རྒྱ་གར་ལྷོ་ཕྱོགས་བྷེང་ལོར་མེ་འཁོར་འབབ་ཚུགས་ནས་ལོ་ན་༤ ནས་༡༧ བར་སོན་པའི་བྱིས་པ་༢༦ མེ་འཁོར་ཉེན་རྟོག་པས་ཉར་ཡོད་འདུག་པ་དང་། བྱིས་པ་དེ་དག་གིས་ཁོ་ཚོ་བྷེལ་ཀོབ་ཏུ་ཆགས་པའི་བོད་ཀྱི་དགོན་པར་སློབ་གཉེར་བྱེད་དུ་འགྲོ་མཁན་ཡིན་སྐོར་བརྗོད་ཡོད་འདུག 

དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་རྒྱ་གར་བང་ཆེན་གསར་ཁང་གསར་པ་(The New Indian Express) ཡིས་གནས་ཚུལ་ཞིག་སྤེལ་བའི་ནང་། བདུན་འདིའི་རེས་གཟའ་ཟླ་བའི་ཉིན་(ཚེས་ ༢༥)བྷེང་ལོར་མེ་འཁོར་འབབ་ཚུགས་ནས་མ་མཐར་ཡང་བྱིས་པ་༢༦ ཉེན་རྟོག་པས་ཉར་ཡོད་འདུག་པ་དང་། བྱིས་པ་དེ་དག་གི་ཁྲོད་དུ་བུ་མོ་༣ ཡང་ཡོད་འདུག བྱིས་པ་དེ་དག་གིས་ཁོ་ཚོ་སྦེལ་ཀོབ་ཏུ་ཆགས་པའི་བོད་ཀྱི་དགོན་པ་དང་ཤེས་ཡོན་ལྟེ་གནས་ཁང་དུ་སློབ་གཉེར་བྱེད་དུ་འགྲོ་མཁན་ཡིན་ཚུལ་བཤད་ཡོད་འདུག 

བྱིས་པ་དེ་དག་ནི་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནས་ཡིན་པ་དང་། ལོ་ན་༤ ནས་༡༧ བར་སོན་པ་ཞེ་ཅིག་ཡིན་འདུག་ཅིང་། འབྲེལ་ཡོད་པས་“བྱིས་པ་དེ་དག་གི་རོགས་ལ་མི་གཅིག་ལས་མེད་པ་དང་། ཁོ་ལ་བྱིས་པའི་ཕ་མ་ཚོའི་བཀའ་འཁྲོལ་ཆོག་མཆན་ནམ། ཤེས་ཡོན་ལྟེ་གནས་ཁང་གི་ངོས་ལེན་ཡི་གེ་གང་ཡང་མེད་སྟབས། དོགས་གཞིའི་ཐོག་ནས་འཛིན་བཟུང་བྱས་པ་ཡིན་”ཞེས་བརྗོད་ཡོད་འདུག 

བྱིས་པ་དེ་དག་ཡོང་སའི་མེ་འཁོར་དེ་གཟའ་ཟླ་བའི་ཉིན་བྷེང་ལོར་འབབ་ཚུགས་སུ་འབྱོར་འདུག་མོད། འབྲེལ་ཡོད་ཀྱིས་“ཁོ་ཚོ་མེ་འཁོར་འབབ་ཚུགས་གང་ནས་མེ་འཁོར་དུ་འཛུལ་བ་ཡིན་པ་གསལ་པོ་མེད་པ་དང་། ཁོ་ཚོས་སྐད་ཡིག་གཞན་ཞིག་བེད་སྤྱོད་བྱེད་ཀྱི་ཡོད་སྟབས། ང་ཚོ་ལ་གནས་ཚུལ་མང་པོ་ཞིག་རག་ཐབས་མི་འདུག་”ཅེས་བསྣན་ཡོད་འདུག 

རྒྱ་གར་གྱི་གསར་འགྱུར་དེའི་ནང་། ཉེན་རྟོག་པས་བྱིས་པ་དེ་དག་བྱིས་པའི་སྐྱིད་སྡུག་ལྟ་སྐྱོང་ཚོགས་པར་རྩིས་སྤྲོད་བྱས་རྗེས། རེས་གཟའ་མིག་དམར་ཉིན་དམིགས་བསལ་ཚོགས་ཆུང་ཞིག་བཙུགས་ནས་བྱིས་པ་ཁོ་ཚོ་ཕྱིར་ཕ་མར་སློག་དགོས་སམ། ཡང་ན་སྦེལ་ཀོབ་ཏུ་གཏོང་དགོས་མིན་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་འཁོད་འདུག་ཀྱང་། བྱིས་པ་འཁྲིད་མཁན་དེ་དགེ་འདུན་པ་ཡིན་ནམ་མི་སྐྱ་ཡིན་པ་དང་། སྦེལ་ཀོབ་ཀྱི་དགོན་པ་གང་ནས་ཡིན་པ་སོགས་ཀྱི་གནས་ཚུལ་གསལ་ཁ་མི་འདུག །  

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༤༢༤ ཀློག་གྲངས།