ཊོམ་གྱིས་ཧོང་ཀོང་ལས་འགུལ་བར་རྒྱབ་སྐྱོར་གྱི་ཁྲིམས་ལ་མིང་རྟགས་བཀོད་འདུག 

ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་རྒྱབ་སྐྱོར་ཆེན་པོ་ཐོབ་རྗེས་སུ། སྲིད་འཛིན་ཊོམ་གྱིས་ཧོང་ཀོང་ནང་གི་མང་གཙོ་ལས་འགུལ་བ་ཚོར་རྒྱབ་སྐྱོར་དང་། ཁུལ་དེའི་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་འཆར་ལ་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་བྱས་འདུག་པས། རྒྱ་ནག་ངོས་ནས་ངོ་རྒོལ་དང་སྦྲགས་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན་སྐོར་བརྗོད་འདུག 

དེ་ཡང་ཟླ་༡༡ པའི་ཚེས་༢༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་གཉིས་ལ་མིང་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་བྱས་འདུག  ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱ་ནག ཧོང་ཀོང་མི་མང་བཅས་ལ་གུས་བརྩི་ཡོད་པའི་ཐོག་ནས་ཁྲིམས་འཆར་དེ་གཉིས་ལ་མིང་རྟགས་བཀོད་པ་དང་། ཁྲིམས་འཆར་དེ་གཉིས་ཁྲིམས་སུ་གཏན་འབེབས་བྱེད་དོན་ནི་རྒྱ་ནག་དང་ཧོང་ཀོང་གཉིས་ཀྱི་འགོ་ཁྲིད་དང་སྐུ་ཚབ་ཚོས་འགལ་ཟླ་རྣམས་ཞི་བ་དང་གུས་བརྩི་ལྡན་པའི་ཐོག་ནས་སེལ་ནས། ཕུགས་རྒྱང་རིང་པོའི་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་རེ་བ་བཅང་གི་ཡོད་པས་ཡིན་སྐོར་བསྒྲགས་འདུག སྤྱིར་བཏང་ཨ་རིའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་དོན་འགྲོ་བཞིན་ཡོད་པས། སྲིད་འཛིན་ཊོམ་གྱིས་ཨ་རྒྱ་གཉིས་བར་ཚོང་དམག་གི་དཀའ་ངལ་སེལ་ནས། ཨ་རིའི་མི་མང་ལ་ཁོང་གི་ནུས་པ་སྟོན་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། ཧོང་ཀོང་དང་འབྲེལ་བའི་ཁྲིམས་འཆར་ལ་མིང་རྟགས་བཀོད་པ་དེ་ནི་རྒྱ་ནག་ནས་རྒོལ་ལན་སློག་ནས་ཚོང་དམག་སེལ་རྒྱུ་ཁག་ཏུ་འགྲོ་ཉེན་ཡོད་པ་ཡིན་ཡང་། གྲོས་ཚོོགས་གོང་འོག་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པའི་ཁྲིམས་འཆར་ཞིག་ལ་དགག་བྱ་བྱེད་རྒྱུ་ཁག་པོ་ཡིན་པས། འདོད་པ་མེད་བཞིན་དུ་མིང་རྟགས་བཀོད་དགོས་ཁེལ་བ་ཡིན་སྐོར་དཔྱད་བརྗོད་པ་ཁག་གིས་བརྗོད་འདུག 

སྲིད་འཛིན་ཊོམ་གྱིས་ངོས་ནས་རྒྱ་ནག་ལ་སྐད་ཆ་འཇམ་པོ་བཤད་མིན་ལ་མ་ལྟོས་པར། ཟླ་༡༡ པའི་ཚེས་༢༨ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་ཁྲིམས་དེས་ཧོང་ཀོང་གི་ལས་དོན་དང་རྒྱ་ནག་གི་རྒྱལ་ནང་ཆབ་སྲིད་ལ་ཐེ་བྱུས་ཚབས་ཆེན་བྱེད་ཀྱི་ཡོད་པ་དང་། དེས་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་རྨང་གཞིའི་སྒྲིག་འཛུགས་རྡོག་རོལ་བཏང་ཡོད་པས། བརྙས་བཅོས་དེའི་རིགས་ལ་རྒྱ་ནག་གཞུང་དང་མི་མང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ། དེ་བཞིན་ཁྲིམས་དེས་ཧོང་ཀོང་གི་འཕེལ་རྒྱས་དང་བརྟན་ལྷིང། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས། རྒྱ་ནག་རྒྱལ་ཁབ་བསྐྱར་གསོའི་ལས་དོན་ལ་གནོད་སྐྱོན་གཏོང་རྒྱུའི་དམིགས་ཡུལ་བཅང་ཡོད་པའི་ཉེས་འཛུགས་བྱས་འདུག 

དེ་བཞིན་ཧོང་ཀོང་གཞུང་གིས་ཁྲིམས་དེ་ནི་དགོས་ངེས་ཅན་ཞིག་མིན་པ་དང་། ཧོང་ཀོང་གིས་ཡང་ནས་ཡང་དུ་བཅོས་མིན་སེམས་འཚབ་ག་རེ་ཡོད་མེད་ཨ་རི་ལ་བརྗོད་ཀྱང་། དེ་དག་ལ་བརྩི་འཇོག་མ་བྱས་པར་བློ་འཕམ་ཆེན་པོ་ཡོད་པ། དེ་བཞིན་ཁྲིམས་ཀྱི་ཁ་བྱང་དུ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་བཀོད་ཡོད་ཀྱང་། དེའི་ནང་གི་ཆ་རྐྱེན་ཁ་ཤས་དངོས་ཡོད་ཐོག་ནས་ཧོང་ཀོང་དུ་ཕྱི་འདྲེན་སྟངས་འཛིན་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཧོང་ཀོང་ལ་དཔལ་འབྱོར་ཉེས་ཆད་བཅད་པ་དེ་ལག་བསྟར་བྱེད་ཀྱི་ཡོད་པ་ཡིན་པས། དེ་དག་ནི་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལ་འབྲེལ་བ་གང་ཡང་མེད་སྐོར་བརྗོད་འདུག 

དེ་ཡང་སྲིད་འཛིན་ཊོམ་གྱིས་ཁྲིམས་སུ་གཏན་འབེབས་བྱས་པའི་ཁྲིམས་གཉིས་ལས། གཅིག་ནི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་ཞེས་པ་དེ་ཡིན་པ་དང་། དེ་ནི་བདུན་ཕྲག་སྔོན་མར་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་དང་། གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་གཅིག་ཕུད་པའི་ཚང་མས་རྒྱབ་སྐྱོར་བྱས་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁྲིམས་འཆར་ཡིན་པ་རེད། དེའི་ནང་དུ་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རང་དབང་ལ་རྡོག་རོལ་གཏོང་མཁན་དུ་ངོས་འཛིན་བྱས་པའི་མཐོ་རིམ་དཔོན་རིགས་ཚོར་དཔལ་འབྱོར་དང་འགྲུལ་སྐྱོད་སོགས་ཀྱི་ཉེས་ཆད་གཏོང་རྒྱུ་དང་། དེ་བཞིན་ད་ལྟའི་ཆར་ཨ་རིས་ཚོང་གི་འབྲེལ་ལམ་ནང་ཧོང་ཀོང་དེ་རྒྱ་ནག་དང་ཁ་གཏད་ངོས་འཛིན་གྱིས་དམིགས་བསལ་གྱི་གནས་བབ་འོག་བཞག་ཡོད་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཧོང་ཀོང་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལག་བསྟར་སོགས་ལ་ཐག་གཅོད་བྱེད་པའི་རང་སྐྱོང་གི་དབང་ཚད་གང་འདྲ་ཡོད་མེད་ཞིབ་འཇུག་གིས། ཧོང་ཀོང་ལ་དམིགས་བསལ་གྱི་གནས་བབ་འོག་ཚོང་འབྲེལ་མུ་མཐུད་བྱེད་བབ་འོས་མིན་གྱི་ཐག་གཅོད་གསལ་བསྒྲགས་བྱེད་དགོས་ཀྱི་ཡོད་འདུག་པས། ཧོང་ཀོང་གཞུང་ལ་ཡང་གནོན་ཤུགས་སླེབས་སྲིད་པ་རེད་འདུག ཁྲིམས་ཀྱི་ནང་དུ་ཧོང་ཀོང་ལ་གནས་སྡོད་བྱེད་མཁན་ཞིག་ཞི་བའི་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱས་ཏེ་འཛིན་བཟུང་བྱས་ཡོད་ཀྱང་། ཨ་རིའི་ཐོངས་མཆན་སྤྲོད་དགོས་སྐོར་ཡང་འཁོད་ཡོད་འདུག 

དེ་བཞིན་ཁྲིམས་གཞན་ཞིག་ནི་ཨ་རི་ནས་ཧོང་ཀོང་དུ་ངོ་རྒོལ་བ་མི་མང་སྟངས་འཛིན་དམ་དྲག་བྱེད་པའི་འཕྲུལ་ཆས་དང་མཚོན་ཆ་རིགས་ཕྱིར་འདྲེན་བྱེད་ཆོག་གི་མེད་འདུག 

ཁྲིམས་དེར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་གོང་མའི་འཐུས་མི་གསུམ་གྱིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་དུ་ད་ལྟ་ཨ་རི་ལ་ཧོང་ཀོང་ནང་རྒྱ་ནག་གི་ཐེ་བྱུས་དང་ཤུགས་རྐྱེན་སྤྲོད་ཐབས་བྱེད་པར་བཀག་འགོག་བྱེད་པའི་ལག་ཆ་གསར་པ་དང་དོན་ཕན་ལྡན་པ་ཞིག་ཡོད་པ་དང་། བདུན་ཕྲག་སྔོན་མར་ཧོང་ཀོང་གི་རྫོང་ཁག་གི་གྲོས་ཚོགས་འོས་བསྡུར་ད་བར་བྱུང་མྱོང་མེད་པའི་མི་མང་ཤིན་ཏུ་མང་པོས་མཉམ་ཞུགས་བྱས་པ་དང་བསྟུན། ཧོང་ཀོང་གིས་རྒྱུན་རིང་ནས་གཅེས་འཛིན་བྱེད་བཞིན་པའི་རང་དབང་ལ། ཨ་རིའི་རྒྱབ་སྐྱོར་ཡོད་པའི་ཁྲིམས་གསར་དེ་དུས་ཚོད་ཏག་ཏག་ལ་གཏན་འབེབས་བྱུང་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༧༨༡ ཀློག་གྲངས།