༧གོང་ས་མཆོག་གིས་བསྟན་པའི་དོན་ལ་སྲོག་གཏོང་མཁན་ཚོའི་ཆེད་དུ་སྨོན་ལམ་རྒྱག་དགོས་པའི་བཀའ་སློབ་གནང་སོང་།

ཟླ་འདིའི་ཚེས་༢༩ ཉིན་དྷ་ས་གངས་སྐྱིད་དུ་འཚོགས་པའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་༡༤ པའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་གནང་ནས། བསྟན་པའི་ཆེད་དུ་རང་སྲོག་གཏོང་མཁན་ཚོར་ང་ཚོས་སྨོན་ལམ་རྒྱག་དགོས་སྐོར་གྱི་བཀའ་སློབ་གནང་སོང་།

ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། ༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐོག་སྤྱི་མོས་ཀྱིས་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་སྐོར་དང་། བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཇི་དགེ། ཆོས་ལུགས་གཞན་དང་ནང་པའི་ཆོས་བརྒྱུད་གཞན་དང་ལྷན་དུ་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོོགས་ཇི་དགེ། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ལ་བསྐྱར་ཞིབ། དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་ཁུར་གནང་ཕྱོགས་ཇི་དགེའི་སྐོར་ལ་བགྲོ་གླེང་དང་གྲོས་ཆོད་བཞག་ཡོད་པ་སྙན་སེང་ཞུས་སོང་། 

༧གོང་ས་མཆོག་གིས་དཔལ་ན་ལེནྜ་ནས་བརྒྱུད་པའི་ཆོས་ལུགས་དེ་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་གནང་བ་དང་། སྐྱབས་བཅོལ་དུ་སླེབས་རྗེས་ཀྱི་གནས་སྟངས་སྐོར་ལ་བཀའ་སློབ་གནང་དོན། “ང་ཚོ་བཙན་བྱོལ་བ་ཆགས་ནས་ཕྱོགས་གཅིག་ནས་ལུང་པ་དང་བྲལ་ནས་ཐབས་སྐྱོ་པོ་རེད། ཡིན་ཡང་བཙན་བྱོལ་བ་ཆགས་རྗེས་བོད་ཀྱི་སངས་རྒྱས་པའི་ཆོས་དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་བསླབ་པ་གསུམ་གྱི་ཉམས་ལེན་ཡོད་པའི་ཆོས་བརྒྱུད་རྩ་ཆེན་པོ་ཡིན་པ་མང་པོས་དོ་སྣང་བྱེད་ཀྱི་འདུག ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལ་དྭགས་ནས་ཤར་མོན་བར་གྱི་ཡུལ་མི་ཚོ་ཕ་མེས་ནས་བོད་ཀྱི་ནང་ཆོས་དང་འབྲེལ་བ་ཡོད་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་ངོ་ཤེས་པ་ས་དང་གནམ་མ་གཏོགས་མེད་སྐབས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དེ་ང་ཚོ་བོད་པར་བློ་འཇོག་ས་ཡོད་པ་དང་། ནུབ་ལ་དྭགས་ནས་ཤར་མོན་པ། འབྲས་ལྗོངས་དེ་ཚོ་རེད། བར་ལམ་ས་ཁུལ་དེ་ཚོ་ནས་གྲྭ་རྒྱུན་མང་པོ་བསླེབས་རེད། སོག་པོ་ནས་གྲྭ་རྒྱུན་བརྒྱ་ཕྲག་ཁ་ཤས་བསླེབས་ཡོད་རེད། ང་ཚོས་ལུང་པ་ཤོར་ནའང་གཞི་མེད་ས་ནས་གཞི་གསར་པ་ཚུགས། གཙོ་བོ་བོད་ཀྱི་རིག་གཞུང་། སྐད་ཡིག་དེ་རེད། དེ་ཚོར་དཔལ་ལྡན་ནེ་ཧ་རིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་། གཞིས་ཆགས་ཁག་ཚུགས་ནས་རིས་མེད་ཀྱི་ཆོས་སྒར་གཙོ་ཆེ་བ་ཚོ་དེར་ཚུགས། ང་ཚོ་བཙན་བྱོལ་བ་རེད་དེ། བཙན་བྱོལ་བའི་གནས་སྟངས་འོག་ཁ་སང་དེ་རིང་དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་དེ་རྒྱ་གར་ནང་ཚུགས་རེད། ང་ཚོ་བཙན་བྱོལ་བ་ཆགས་མེད་ན། དཔེར་ན་ང་ལྟ་བུ་ཡིན་ན་མཛད་སྒོ་དེ་འདྲ་མར་ཐོན་ཙམ་བྱས། ༧སྐྱབས་མགོན་སྦུག་ཟེར་རེད། མི་ལ་སྐད་ཆ་བཤད་རྒྱུ་ཡོད་མ་རེད། ཙིག་གེར་འདུག་དགོས་རེད། ལོ་སར་ཚེས་གཅིག་ཉིན་བླ་སྤྲུལ་ཚོར་འཚམས་འདྲི་བྱས། ཚེས་༢ ཉིན་རྒྱལ་པོའི་ལོ་སར་ཟེར་ནས་བཀའ་བློན་ཚོར་ངས་འཚམས་འདྲི་བྱེད་དགོས་རེད། སྐྱབས་མགོན་སྦུག་ཡིན་པས།(ཞལ་ཤོམ་དང་སྦྲགས་བཞད་མོ་བཞད།) མགྲོན་གཉེར་ཆེན་མོ་མར་ནས་ཡར་ཡོང་སྟེ་སྒུར་སྒུར་བྱས་ནས། ངས་འཚམས་འདྲི་བྱས། མགྲོན་གཉེར་ཆེན་མོ་མར་སོང་ནས་ངའི་བཀའ་འདྲ་དེ་བསྒྱུར་ནས་དེ་འདྲ་བྱེད་དགོས་རེད། སྦུག་སུ་དོག་པོ་དེ་འདྲ་ཡོད་རེད། དེ་འདྲ་བསྡད་ན་གང་ཡང་ཡོང་གི་མ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་འགྲོགས་བདེ་འདུག་བདེ་ཆགས་རེད། རྐྱེན་ངན་གྲོགས་སུ་ཤར་བ་ཏན་ཏན་རེད་”ཅེས་བཀའ་སློབ་གནང་། 

༧གོང་ས་མཆོག་གིས་མུ་མཐུད་སློབ་གཉེར་སྐོར་ལ་བཀའ་སློབ་གནང་དོན། “ང་རྗེ་རིན་པོ་ཆེའི་ཕ་ཡུལ་གཅིག་པ་ཡིན་ཟེར་གྱི་ཡོད། ཁོང་འཁྲུངས་ས་དང་ང་སྐྱེས་ས་ཐག་ཉེ་པོ་རེད། སྔོན་མ་སྒོ་མང་མཁན་པོ་ཨ་མདོ་འཇམ་དབྱངས་ཡེ་ཤེས་ཟེར་བ་ཞིག་ཡོད་རེད། དཔེ་ཆར་ཡག་པོ་ཞེ་དྲགས་ཡོད་རེད། རྟགས་གསལ་གཏོང་དུས་གཏེར་སོ་དོད་པོ་ཞེ་དྲགས་ཡོད་རེད། ཁོང་གིས་ཏོག་ཙམ་འུར་རེད་དེ། བོད་ཀྱི་མཁས་པ་ཡིན་ན་ཨ་མདོ་ཡིན་པས་ཁྱབ་ཟེར་གྱི་རེད། གཞན་ཁམས་པ་མཁས་པ་མང་པོ་ཞེ་དྲགས་ཡོད་རེད་དེ། དེའི་སྐོར་སྐད་ཆ་ཡོད་མ་རེད། དབུས་གཙང་ལ་ཉུང་ཉུང་རེད། སྔོན་མ་ས་སྐྱ་ལ་ཆ་མཚོན་ན་དངོས་ནས་ས་པཎ་དེ་ཚོ་རེད། གཞུང་ཆེན་གྱི་སློབ་གཉེར་དང་ཚད་མ་རིག་གཏེར་མཛད་ནས། ཞེ་དྲག་ཡོད་རེད། དེ་ནས་ག་ལེར་ཉམས་ནས་རྗེས་སུ་སློབ་གཉེར་ཡག་ཤོས་དགེ་ལུགས་ཆགས་བསྡད་ཡོད་རེད། དགེ་ལུགས་དང་འབྲེལ་བ་ཡོད་པའི་ཇོ་ནང་དང་བོན་པོ་སྨན་རི་ཆོས་སྒར་སློབ་གཉེར་ཡག་ཐག་ཆོད་འདུག མེ་སོར་གྱི་ཀེམ་བཞི་པ་རྙིང་མའི་དགོན་པ་རེད། སློབ་གཉེར་ཞེ་དྲག་ཡག་པོ་འདུག ང་ཚོས་རྒྱ་གར་ལ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་སློབ་གཉེར་ལ་ཐུགས་སྣང་གནང་ནས་ཞེ་དྲག་ཡག་པོ་རེད། བཀའ་དྲིན་ཆེ། ཚང་མས་ཧུར་ཐག་གནང་རོགས་”ཞེས་བཀའ་སློབ་གནང་སོང་།

༧གོང་ས་མཆོག་གི་བོད་ནང་གི་གནས་སྟངས་སྐོར་དང་རང་ལུས་མེར་སྲེག་སྐོར་ལ་བཀའ་སློབ་གནང་དོན། “བོད་ནང་གི་རྒྱ་ཆེའི་མི་མང་ནང་བསྟན་པའི་དོན་དག་ལ་སྲོག་བློས་གཏོང་མཁན་དཔེར་ན་ཉེ་བའི་ཆར་མི་ལ་འཚེ་བ་མ་བྱས་པར། འཛམ་གླིང་ཐོག་དྲན་གསོ་གཏོང་རྒྱུར་རང་ལུས་མེར་སྲེག་བཏང་སྟེ་བརྒྱ་དང་ལྔ་བཅུ་ང་བཞི་རེད། དེ་ཚོ་ཧ་ལས་པ་རེད། དེ་འདྲ་སྙིང་སྟོབས་ཡོད་མཁན་གྱིས་སོ་སོ་མཉམ་དུ་རོགས་པ་མི་ཁ་ཤས་ཁྲིད་རྒྱུར་དཀའ་ལས་ཡོད་མ་རེད། ཡིན་ཡང་མི་ལ་འཚེ་བ་དང་གནོད་མ་བྱས་ནས་སོ་སོ་མེར་བསྲེགས་བཏང། དེ་ཚོ་ཞེ་དྲགས་རེད། འདས་པོ་ཚོའི་དོན་དུ་ང་ཚོས་ཚད་མེད་ཡོན་ཏན་མ་(བདེན་ཚིག་སྨོན་ལམ་)འདོན་པའི་སྐབས་སྨོན་ལམ་རྒྱག་དགོས་རེད། གཅེས་པའི་ལུས་སྲོག་ལོངས་ཡོངས་བཏང་སྟེ།། དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།། གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།ཅེས། མགོན་པོ་སྤྱན་རས་གཟིགས་ང་ཚོ་བོད་ཁ་བ་གངས་ཅན་པའི་ལྷག་པའི་ལྷ་སྐལ་རེད། ཏན་ཏན་ཆོས་རྒྱལ་སྲུང་བཙན་སྒམ་པོའི་སྐབས་ནས་མར་བལྟས་ན། བོད་གངས་ཅན་པ་ཟེར་བ་དེ་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་གྱི་འབྲེལ་བ་ཡོད་བསྡད་པ་གསལ་པོ་རེད། ང་རང་ཚོས་འདས་པོ་ཚོའི་ཆེད་དུ་སྨོན་ལམ་བརྒྱབ། ང་རང་ཚོ་ཚེ་རབས་ནས་ཚེ་རབས་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པ་ཕལ་ཆེར་ཐག་བཅད་ཆོག་གི་རེད་”ཅེས་བཀའ་སློབ་གནང་།

ཡང་སྲིད་སྐོར་ལ་བཀའ་སློབ་གནང་སྐབས། ཁྱེད་རང་ཚོས་ཡང་སྲིད་སྐོར་ལ་ཁུར་བླངས་ཡོད་སྐོར་དང་། ཁོང་དགུང་ལོ་༨༥ ཟིན་གྱི་ཡོད་ནའང་། སྐུ་གཟུགས་བདེ་ཐག་ཆོད་དང་ཐུགས་སྐྱིད་ཐག་ཆོད་ཡོད་སྐོར་དང་། བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་གནང་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༥༡ ཀློག་གྲངས།