ཉིན་གཉིས་རིང་རྒྱལ་བའི་དགོངས་གཞི་དང་འབྲེལ་བའི་ཆོས་ལུགས་བགྲོ་གླེང་།

༢༠༡༩ ལོའི་ཟླ་༡༡ ཚེས་༣༠ ནས་ཉིན་གཉིས་རིང་སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག བྷེང་ལོར་ཡེ་ཤུའི་ཆོས་ལུགས་མཐུན་འབྲེལ་ལྟེ་གནས་ཁང་དུ་༧རྒྱལ་བའི་དགོངས་གཞི་ཆོས་ལུགས་མཐུན་འབྲེལ་དང་འབྲེལ་བའི་ཐོག་ཆོས་ལུགས་སོ་སོའི་བླ་མ་དང་ཤེས་ལྡན་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་སོང་།

བགྲོ་གླེང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིན་དྷི་བླ་མ་Ven. Sritha Mahagetha ཡིས་གསུང་བཤད་གནང་སྐབས། ག་དུས་ཡིན་ཡང་ང་ཚོའི་རང་གི་ལྟ་ཚུལ་དང་། དང་ལེན་བྱེད་པ་དེ་གཞན་གྱིས་སྒྲུབ་དགོས་པའི་བསམ་ཚུལ་འཛིན་པ་དང་བྱ་སྤྱོད་སྤེལ་སྐབས་སྤྱི་ཚོགས་ལ་རྙོག་གྲ་འབྱུང་གི་ཡོད།   འགྲེལ་བརྗོད་བྱེད་སྟངས་གཅིག་ནོར་འཁྲུལ་ཤོར་བ་དང་གོ་ནོར་ཐེབས་པ་ཡིན་ན་ཡང་སྤྱི་ཚོགས་ལ་རྙོག་ཟིང་འབྱུང་གི་ཡོད། དེར་བརྟེན་གཟབ་གཟབ་བྱ་དགོས་ཞེས་སོགས་གསུངས་འདུག ཐེངས་འདིར་ཚོགས་ཞུགས་པ་ནང་པའི་དགེ་འདུན་པ་དང་། ཡེ་ཤུའི་བཙུན་པ། ཁ་ཆེ་དང་། གཞན་ཡང་དོན་གཉེར་ཅན་སོགས་མི་གྲངས་ལྔ་བཅུ་ལྷག་མཉམ་ཞུགས་བྱས།

གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བསོད་ནམས་ཕུན་ཚོགས་ཀྱིས་གོ་སྒྲིག་དགོས་པའི་རྒྱུ་མཚན་སྐོར་གསུང་དོན། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གལ་ཆེ་བ་ཞིག་ཆོས་ལུགས་མཐུན་འབྲེལ་ཡོང་བར་བྱ་རྒྱུ་དེ་རེེད། དེའི་ཐོག་ལ་སྐབས་བཅུ་བཞི་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འདི་ལོ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཆེད་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་ཞབས་ཞུ་ཏོག་ཙམ་རེ་སྒྲུབ་ཐུབ་ན་བསམས་ནས་དཀའ་ངལ་དུ་མ་བརྒྱུད་གོ་སྒྲིག་བྱས་པ་ཡིན། ཆོས་ལུགས་མཐུན་འབྲེལ་ཡོང་བ་ལ་ཕན་ཚུན་རྒྱུས་ལོན་དང་། མཐུན་ཆ་ལེན་རེས། ལེགས་ཆ་སྤེལ་རེས། བསམ་ཚུལ་བསྡུ་ལེན། བླ་ཆེན་དང་མཁས་དབང་ཚོས་སྐད་ཆ་སྙན་པོ་བཤད་པ་གཅིག་པུ་མ་ཡིན་པར་སློབ་ཕྲུག་ཚོ་ཕན་ཚུན་བར་དུ་ཡང་བསམ་འཆར་བསྡུ་ལེན་དང་། གོ་རྟོགས་སྤེལ་རེས། ཕན་ཚུན་ངོ་ཤེས་ཡོང་ཐབས་སོགས་བྱས་ན་ཕན་ཐོགས་ཡོང་བར་སྙམ་ཡོད། དེ་བཞིན་བླ་ཆེན་དང་མཁས་དབང་ཚོས་ཀྱང་མཐུན་པའི་ཆ་དེ་གལ་ཆེན་པོ་ཡིན་པ་དང་། སྤྱི་ཚོགས་ཞི་བདེ་ཡོང་བར་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་ཡང་ཡང་གསུངས་ཀྱི་འདུག ཐེངས་འདིའི་ཚོགས་འདུ་ལ་ཕེབས་མཁན་ཚོས་བརྗོད་བྱ་འཇོག་སྟངས་གུ་ཡངས་པོ་འདུག་ཅེས་དགའ་ཚོར་བྱེད་ཀྱི་འདུག་ཅེས་གསུངས་འདུག

དབུ་འབྱེད་མཛད་སྒོར་ནང་པའི་དགེ་སློབ་ཞིག་དང་ཧིན་དྷུ་བླ་ཆེན་ཞིག་གིས་གསུངས་བཤད་གནང་ཡོད།  མཇུག་སྡོམ་ཐོག་ཁ་ཆེའི་མཁས་དབང་ཞིག་དང་ཡེ་ཤུའི་མཁས་དབང་ཞིག་གིས་གསུང་བཤད་གནང་ཡོད་འདུག  ཚོགས་ཆུང་སྡེ་ཚན་བཞི་རུ་བགོས་ནས་བླ་ཆེན་དང་མཁས་དབང་ཁག་གི་གསུང་བཤད་སྐོར་བགྲོ་གླེང་དང་། ཕན་ཚུན་བསམ་ཚུལ་རྗེས་རེས་བྱས་པ་དང་། རིག་གཞུང་འཁྲབ་སྟོན། སྒོམ་ཁྲིད། ཆོས་ལུགས་སོ་སོའི་སྨོན་ལམ་གསོག་འདོན་བཅས་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༤༦༩ ཀློག་གྲངས།