རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཨོ་སི་ཁྲུ་ལི་ཡའི་རྩོམ་པ་པོར་མནར་གཅོད་གཏོང་བཞིན་ཡོད་འདུག  

རྒྱ་ནག་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གིས་བཙོན་འོག་ཏུ་ཡོད་པའི་ཨོ་སི་ཁྲུ་ལི་ཡའི་རྩོམ་པ་པོ་ཡན-ཧན་ཇིན་ (Yang Hengjun) ལ་བཙན་པོའི་འདྲི་གཅོད་བྱེད་བཞིན་པར། ཨོ་སི་ཁྲུ་ལི་ཡའི་གཞུང་གིས་སྐྱོན་བརྗོད་བྱས་ཡོད་འདུག

ཕྱི་ཟླ་༡༢ ཚེས་༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བཙོན་འོག་ཏུ་ཡོད་པའི་ཨོ་སི་ཁྲུ་ལི་ཡའི་རྩོམ་པ་པོ་ཡན-ཧན་ཇིན་ལ་རྐང་ལྕགས་ལག་ལྕགས་བརྒྱབས་ནས་ཉིན་ལྟར་འདྲི་གཅོད་དང་། བཙན་གྱིས་གསང་ཉུལ་བ་ཡིན་པའི་ངོས་ལེན་བྱེད་དུ་འཇུག་ཐབས་བྱེད་བཞིན་པར། ཨོ་སི་ཁྲུ་ལི་ཡའི་གཞུང་ནས་“ཁས་ལེན་བྱེད་ཐབས་བྲལ་བ་ཞིག་”ཡིན་ཚུལ་བརྗོད་དེ་སྐྱོན་བརྗོད་བྱས་ཡོད་འདུག

ཨོ་སི་ཁྲུ་ལི་ཡའི་མི་སེར་དུ་གྱུར་བའི་རྒྱ་རིགས་རྩོམ་པ་པོ་ཡན-ཧན་ཇིན་ནི། འདི་ལོའི་ཕྱི་ཟླ་༡ ནས་བཟུང་རྒྱ་ནག་གི་འཛིན་བཟུང་བཀག་ཉར་འོག་ཚུད་པ་དང་། ཁོང་ལ་རྒྱ་ནག་གིས་གསང་བའི་ལས་ཀ་བྱས་པའི་ནག་ཉེས་གཡོགས་ཡོད་ཀྱང་། ནག་ཉེས་དེར་ཁོང་དང་ཨོ་སི་ཁྲུ་ལི་ཡའི་སྲིད་གཞུང་གཉིས་ཀས་ཁས་ལེན་བྱས་ཡོད་མི་འདུག 

དེ་སྔོན་ཟླ་ཤས་རིང་ཁོང་ལ་ཟླ་རེར་འདྲི་གཅོད་ཐེངས་རེ་བྱེད་ཀྱི་ཡོད་ཅིང་། དེའི་སྐབས་ལའང་རྐང་ལྕགས་ལག་ལྕགས་རྒྱག་གི་ཡོད་མི་འདུག་ཀྱང་། ཉེ་བའི་ཉིན་བཅུའི་ནང་རྒྱ་ནག་གཞུང་གིས་བཙན་གནོན་ཤུགས་ཆེ་རུ་བཏང་ནས་ཉིན་ལྟར་འདྲི་གཅོད་བྱེད་ཀྱི་ཡོད་པ་མ་ཟད། མཚམས་རེར་འདྲི་གཅོད་ཀྱི་འགོ་མཚན་དཀྱིལ་ལ་ཚུགས་ཏེ་རྐང་ལག་གཉིས་ཀར་ལྕགས་བརྒྱབས་ནས་ཚ་འདྲི་བྱེད་ཀྱི་ཡོད་འདུག

རྩོམ་པ་པོ་ཁོང་བཀག་ཉར་བྱས་ནས་ཟླ་བ་༡༡ ཙམ་འགྲོ་བཞིན་ཡོད་ཀྱང་། ཨོ་སི་ཁྲུ་ལི་ཡའི་གཞུང་ཚབ་ཀྱིས་ཁོང་ལ་ཟླ་རེར་ཐེངས་གཅིག་རེ་གཏུག་ཆོག་པ་ལས། ད་དུང་ཁོང་གིས་སོ་སོའི་ཁྲིམས་རྩོད་པར་གླེང་མོལ་བྱེད་དུ་འཇུག་གི་མེད་པའི་ཐོག ནང་མིའི་ཡི་གེ་དང་ངག་འཕྲིན་ཡང་བརྒྱུད་སྤྲོད་མི་བྱེད་པར་ནག་བཙོན་དུ་བཅུག་ཡོད་སྟབས། ཁོང་གི་རྒྱབ་སྐྱོར་བ་ཚོས་ཉེ་བའི་ཟླ་ཤས་ནང་ཁོང་གི་བདེ་ཐང་ལ་སྐྱོན་བྱུང་ཡོད་སྐོར་བཤད་ཀྱི་ཡོད་འདུག 

ཨོ་སི་ཁྲུ་ལི་ཡས་རྒྱ་ནག་ལ་འབྲེལ་ཐུག་བྱས་ཏེ་ཁོང་གློད་གྲོལ་དགོས་པའི་རེ་འདུན་རྒྱུན་ཆད་མེད་པར་བཏོན་འདུག་མོད། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་[དུས་རྒྱུན་ལྟར]ཨོ་སི་ཁྲུ་ལི་ཡ་ལ་གནད་དོན་དེའི་ཐོག་ཐེ་བྱུས་བྱེད་མི་ཆོག་པ་དང་། རྒྱ་ནག་གི་ཁྲིམས་ཀྱི་བདག་དབང་ལ་གུས་བརྩི་དགོས་ཚུལ་བཤད་ཡོད་འདུག 

ཡན-ཧན་ཇིན་གྱི་ཁྲིམས་རྩོད་པ་ཚོས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་དེ་ལྟར་མནར་གཅོད་ཀྱི་ཚ་འདྲི་བྱས་ནས་བཙན་གྱིས་ནག་ཉེས་ཁས་ལེན་བྱེད་དུ་འཇུག་ཐབས་བྱེད་པའི་རྒྱུ་མཚན་ནི། རྒྱ་ནག་གི་ཁྲིམས་ལུགས་འོག་ཁོང་གི་གནད་དོན་དེ་ལོ་རྗེས་པའི་ཕྱི་ཟླ་གསུམ་པའི་སྔོན་དུ་ཁྲིམས་ཁང་ཞིག་ལ་གཏུགས་ནས་དངོས་སུ་ཞིབ་བཤེར་གཏོང་དགོས་པས་ཡིན་འདུག རྒྱ་གཞུང་གིས་དུས་ཚོད་དེའི་སྔོན་དུ་བཙན་པོས་ཁོང་ལ་ནག་ཉེས་ཁས་ལེན་བྱེད་དུ་འཇུག་འདོད་ཡོད་འདུག 

རྩོམ་པ་པོ་ཡན-ཧན་ཇིན་ནི་ལོ་ ༥༤ ཡིན་པ་དང་། ཁོང་རྒྱ་ནག་གི་ཞིང་ཆེན་ཧོས་བྷེ་(Hubei)རུ་སྐྱེས་ཤིང་། དེ་སྔོན་རྒྱ་ནག་སྲིད་གཞུང་ནང་ལས་དོན་སྒྲུབ་མྱོང་ཡོད། ཁོང་ཕྱི་ལོ་༢༠༠༢ ལོར་ཨོ་སི་ཁྲོ་ལི་ཡའི་མི་སེར་དུ་གྱུར་ཏེ་སི་ཌི་ནའི་མཐོ་སློབ་(University of Technology Sydney) ནས་འབུར་རམས་པའི་ལག་ཁྱེར་བླངས་རྗེས། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ཁོ་ལུམ་བྷི་ཡའི་མཐོ་སློབ་ཏུ་ཕྱག་ལས་གནང་གི་ཡོད་འདུག།

ཁོང་འཛིན་བཟུང་མ་ཐེབས་སྔོན་ལ། རྒྱ་ཡིག་གི་ཐོག་ནས་རྒྱ་ནག་གི་ད་ལྟའི་གནས་སྟངས་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་གྱི་རྩོམ་ཡིག་མང་པོ་སྤེལ་བ་དང་། ཁོང་གི་རྩོམ་ཡིག་ལ་དོ་ཁུར་ལྟ་ཀློག་བྱེད་མཁན་༡༣༠,༠༠༠ ལྷག་ཡོད་སྟབས། ཁོང་ལ་“མང་གཙོ་སྤེལ་མཁན་”ཞེས་པའི་མིང་གྲགས་ཀྱང་ཐོབ་ཡོད་འདུག 

རྩོམ་པ་པོ་ཁོང་གི་དུས་ཡུན་རིང་བའི་བཀག་ཉར་དེ་ནི་ཨོ་སི་ཁྲུ་ལི་ཡ་དང་རྒྱ་ནག་གཉིས་ཀྱི་བར་དུ་འགལ་ཟླ་དང་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཡིན་འདུག་སྟེ། ཨོ་སི་ཁྲུ་ལི་ཡས་རྒྱ་ནག་གི་ཧ་ཝ་(Huawei) བཟོ་ཚོང་ཁང་གིས་བཟོས་པའི་དྲ་ཤུགས་5G བཀག་སྡོམ་དང་། ཨོ་སི་ཁྲུ་ལི་ཡའི་ཆབ་སྲིད་དང་ཤེས་ཡོན་ནང་རྒྱ་ནག་གི་ཤུགས་རྐྱེན་སླེབ་བཞིན་པར་རྟོག་ཞིབ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་རུ་དམག་ཤུགས་རྒྱ་སྐྱེད་བྱེད་བཞིན་པར་དོགས་ཟོན་སོགས་བྱེད་བཞིན་པའི་ཐོག བདུན་ཕྲག་སྔོན་མར་རྒྱ་ནག་གི་གསང་ཉུལ་བ་ཡིན་ཟེར་མཁན་ཞིག་གིས་རྒྱ་ནག་གི་ཚབས་ཆེའི་གསང་བ་མང་པོ་ཞིག་ཐེར་འདོན་བྱས་པའི་གནས་ཚུལ་རྣམས་ཨ་སི་ཁྲུ་ལི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ཆེར་བརྒྱུད་གཏོང་བྱས་པ་དེས་རྒྱ་ནག་ལ་སྔར་ལས་ལྷག་པའི་ཁོང་ཁྲོ་བསླངས་ཡོད་འདུག ། གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༣༦༩ ཀློག་གྲངས།