འཛམ་གླིང་སྟེང་གི་དམར་མཆོད་དུས་ཆེན་ཆེ་ཤོས་དེ་བལ་ཡུལ་དུ་འགོ་ཚུགས།  

ཁྲིམས་ཀྱི་བཀག་སྡོམ་དང་དུད་འགྲོ་རང་དབང་ཚོགས་པའི་ངོ་རྒོལ་ལ་བྱེད་མིན་ལ་མ་ལྟོས་པར། བལ་ཡུལ་དུ་ཧིན་དྷུའི་དམར་མཆོད་དུས་ཆེན་འགོ་ཚུགས་ཡོད་འདུག  

དེ་ཡང་ཧིན་དྷུའི་ཆོས་ལུགས་ཀྱི་གྷ་དྷི་མའི་མཱ་ལ་(Gadhimai Mela) ཞེས་པའི་དུས་ཆེན་ནི། འཛམ་གླིང་སྟེང་གི་དམར་མཆོད་དུས་ཆེན་ཆེས་ཆེ་ཤོས་དེ་ཡིན་པ་དང་། དུས་ཆེན་དེ་ཧིན་དྷུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོས་སྟོབས་ཀྱི་ལྷ་མོ་གྷ་དྷི་མཱ་(Gadhimai) ཞེས་པར་མཆོད་གསོལ་ཆེད་ལོ་ལྔ་རེའི་ནང་ཐེངས་རེ་བརྩི་སྲུང་བྱེད་སྲོལ་ཡོད་ཅིང་། དམར་མཆོད་བྱེད་ཡུལ་གྱི་ལྷ་ཁང་དེ་རྒྱ་གར་གྱི་རྒྱལ་མཚམས་སུ་ཆགས་པའི་བལ་ཡུལ་གྱི་གྲོང་གསེབ་བྷར་ཡཱ་ཕོར་(Bariyarpur) ཞེས་པར་ཡོད་འདུག 

འདི་ལོར་དུས་ཆེན་དེ་སྲུང་བརྩི་བྱེད་པའི་ལོ་ལ་ཁེལ་བ་མ་ཟད། དམར་མཆོད་ཀྱི་ཆོ་ག་དེ་དངོས་སུ་དེ་རིང་སྟེ་རེས་གཟའ་མིག་དམར་ཉིན་གཏན་ཁེལ་ཟིན་སྟབས། ཧིན་དྷུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོས་དུས་ཆེན་དེ་སྲུང་བརྩི་བྱེད་པའི་གྲ་སྒྲིག་རྒྱས་པ་བྱས་ཏེ་འགོ་འཛུགས་ཀྱི་ཡིན་འདུག་སྟེ། བལ་ཡུལ་གསར་ཁང་<<ཧི་མ་ལ་ཡའི་དུས་བབ>> ཀྱིས་རེས་གཟའ་ཟླ་བའི་ཉིན་(ཚེས་ ༢) སྤེལ་བའི་གསར་འགྱུར་ཞིག་གི་ནང་། འདི་ལོར་དུས་ཆེན་དེའི་ཆེད་རྒྱ་གར་དང་བལ་ཡུལ་འདུས་པའི་རྒྱལ་ཁབ་མི་འདྲ་བ་༡༨ ལྷག་ནས་ཧིན་དྷུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་༨ འདུ་འཛོམས་བྱེད་རྒྱུ་ཡིན་པའི་ཚོད་དཔག་དང་། དུས་ཆེན་གྱི་གོ་སྒྲིག་ཚོགས་པ་རྣམས་ཀྱིས་མི་འབོར་དེ་འདྲའི་མང་པོ་ཞིག་ལ་རིན་མེད་ཀྱི་ཟ་འཐུང་གནས་མལ་དང་། དེ་བཞིན་བདེ་འཇགས་སོགས་ཀྱི་མཐུན་རྐྱེན་སྒྲུབ་བཞིན་པའི་སྒང་ཡིན་ཚུལ་འཁོད་ཡོད་འདུག

ལོ་ལྔའི་གོང་སྟེ་ཕྱི་ལོ་༢༠༡༤ ལོར་འཚོགས་པའི་དམར་མཆོད་དུས་ཆེན་དེའི་ཐོག ར་དང་མ་ཧེ། ཐ་ན་ཙི་ཙི་བཅས་ཀྱིས་མཚོན་པའི་སེམས་ཅན་འབུམ་༢ ཙམ་བསད་དེ་མཆོད་འབུལ་བྱས་འདུག་ཅིང་། ད་ལོ་ཡང་མཆོད་འབུལ་བ་རྣམས་ཀྱིས་གཞི་རྒྱ་ཆེ་བའི་མཆོད་འབུལ་ཞིག་བྱེད་འཆར་ཡོད་འདུག 

མཆོད་འབུལ་བྱེད་མཁན་དེ་དག་གི་ཁྲོད་དུ་ལོ་ན་༢༥ ལ་སོན་པའི་སཱ་བྷོས-སཱ་ཧ་ནི་(Sabu Sahani) ཞེས་པའི་སྐྱེས་པ་ཞིག་ཡོད་པ་དང་། ཁོས་ནང་མི་རྣམས་ཁྲིད་དེ་རྒྱ་གར་གྱི་མངའ་སྡེ་བྷེ་ཧར་(Bihar) ནས་གནས་དེར་ར་ཞིག་མཆོད་འབུལ་བྱེད་དུ་ཡོང་བ་ཡིན་འདུག་ཅིང་། ཁོས་གསར་འགྱུར་བརྒྱུད་ལམ་ཞིག་གི་སྟེང་“ང་རང་འདིར་འབྱོར་བ་དགའ་པོ་བྱུང་། ལྷ་མོས་ངའི་རེ་སྨོན་ལ་གསན་བྱུང་། དེ་སྔོན་ང་ལ་བུ་ཕྲུག་མེད་ཀྱང་། ད་ལྟ་ངའི་ཆུང་མར་བུ་མོ་ཞིག་སྐྱེས་ཡོད་”ཅེས་བཤད་དེ་གནས་དེར་འབྱོར་བའི་དགའ་དད་སྤྲོ་གསུམ་བསྟན་ཡོད་འདུག  

ཕྱི་ལོ་༢༠༡༥ ལོར་དམར་མཆོད་བྱེད་སའི་ལྷ་ཁང་གི་འབྲེལ་ཡོད་མི་སྣ་ཚོས་དམར་མཆོད་བྱེད་མི་ཆོག་པ་བཟོས་པའི་ཐོག ལོ་གཅིག་གི་རྗེས་ཏེ་༢༠༡༦ ལོར་བལ་ཡུལ་ཆེས་མཐོའི་ཁྲིམས་ཁང་གིས་བལ་ཡུལ་གཞུང་ལ་དམར་གསོད་ཆེན་མོ་དེ་བཀག་འགོག་དགོས་པའི་བཀའ་བཏང་བས། མི་མང་པོ་ཞིག་གི་སེམས་སུ་དུས་རབས་མང་པོའི་སྲོལ་རྒྱུན་དེ་མཚམས་འཇོག་པའི་རེ་བས་ཁེངས་ནས་ཡོད་འདུག

ཡིན་ན་ཡང་། དུད་འགྲོའི་རང་དབང་ལས་འགུལ་བ་རྣམས་ཀྱིས་ཡུལ་གཞུང་དང་ལྷ་ཁང་དོ་དམ་ཚོགས་པ་གཉིས་ཀས་སྒྲིག་ལམ་གསར་པ་དེ་དག་ལག་བསྟར་བྱེད་ཐུབ་སྐོར་བརྗོད་ཡོད་འདུག དུད་འགྲོའི་རང་དབང་ལས་འགུལ་བ་མཱ་ནོ་ཇི-གོའུཏམ་(Manoj Gautam) གྱིས་“གཞུང་གི་འགོ་ཁྲིད་ཚོས་ཁྲིམས་ཁང་གི་བཀའ་རྒྱ་ལས་སྒེར་གི་ཆོས་དད་གལ་ཆེ་བ་བཟུང་ཡོད། ཁོ་ཚོས་དམར་གསོད་མཚམས་འཇོག་པའི་ལས་དོན་འདང་ངེས་ཤིག་བསྒྲུབས་མེད་”ཅེས་སྨྲས་ཡོད་འདུག 

གཞན་ཡང་། ལྷ་ཁང་གི་དཀོར་གཉེར་ལ་འདི་ལོའི་དམར་མཆོད་ཆེན་མོར་ལྷ་ཁང་གི་ངོས་ནས་རྒྱབ་སྐྱོར་ཡོད་མེད་དྲིས་པར། ཁོས་“ལྷ་ཁང་གི་ནང་དུ་སྲོལ་རྒྱུན་ལྟར་ཆོ་ག་རྣམས་སྒྲུབ་ཀྱི་རེད། ལྷ་ཁང་གི་ཕྱི་ལ་གང་བྱེད་མིན་དེ་མཆོད་འབུལ་བ་ཚོའི་འདོད་མོས་རེད་”ཅེས་བཤད་ཡོད་འདུག 

དུས་ཆེན་འདི་དང་འབྲེལ་བའི་ལྷ་སྒྲུང་ལྟར་ན། བལ་ཡུལ་གྱི་ཡུལ་དེར་དམར་མཆོད་ཐོག་མ་དེ་དུས་རབས་འགའ་ཤས་ཀྱི་སྔོན་དུ་བྱུང་བ་དང་། དེ་ཡང་བཙོན་པ་ཞིག་གི་རྨི་ལམ་དུ་ཧིན་དྷུའི་སྟོབས་ཀྱི་ལྷ་མོ་གྷ་དྷི་མཱ་(Gadhimai) ཡོང་ནས་ཁོ་ལ་གནས་དེར་ལྷ་ཁང་ཞིག་བཞེངས་དགོས་པའི་བཀའ་བསྩལ། བཙོན་པ་དེ་གཉིད་ལས་སད་དུས། རྐང་ལྕགས་ལག་ལྕགས་རྣམས་ཡོངས་སུ་གྲོལ་ཡོད་པར་བརྟེན། ཁོ་བཙོན་ནས་ཐར་ཐུབ་པ་བྱུང་བ་དང་། རྗེས་སུ་ཁོས་ལྷ་ཁང་དེ་བཞེངས་ནས་ལྷ་མོའི་བཀའ་དྲིན་གསོ་ཕྱིར་དམར་མཆོད་ཕུལ་བ་ཡིན་འདུག ། 

གསར་འགོད་པ་དཀོན་མཆོད་རབ་བརྟན། 

Share this:
༧༠༧ ཀློག་གྲངས།