ལོ་ཉི་ཤུའི་རྗེས་ཀྱི་འབར་མའི་འོས་བསྡུ་ཐེངས་དང་པོ།

ཟླ་འདིའི་ཚེས་༡ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཟླ་འདིའི་ཚེས་༧ ཉིན་ལ་ཁེལ་ཡོད་པ་དང། ཕྱི་རྒྱལ་གྱི་མི་དང་གསར་འགོད་པ་སོགས་ལ་འོས་བསྡུའི་སྐབས་དམ་དྲག་བྱེད་དགོས་པ་དང། འབར་མའི་མི་མང་གི་འོས་ཤོག་འཕྲོ་བརླག་མི་འགྲོ་བའི་ཆེད་དུ། འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་འགུལ་དང། ཚོགས་པ་དེའི་འཐུས་མི་ཚོའི་འགྲེལ་བརྗོད་ལ་མགོ་འཁོར་མི་རུང་བའི་སྐོར། འབར་མའི་དམག་གཞུང་དང་འབྲེལ་ཡོད་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་༡༩༩༠ འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐབས། ཡུལ་དེའི་རྒྱལ་ཡོངས་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་ཀྱང། ད་ལྟའི་འབར་མའི་དམག་གཞུང་གིས་ངོས་ལེན་བྱས་མེད་པ་དང། དེ་ནས་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨ་སང་སུ་ཅེ་འཛིན་བཟུང་བཀག་ཉར་བྱས་ཏེ་ད་དུང་ཡང་གློད་གྲོལ་བཏང་མེད་པ་རེད། ད་ལྟའི་སྐབས་གཞུང་གིས་འོས་བསྡུའི་སྒྲིག་གཞི་གསར་བཟོ་བྱས་ཏེ། མང་གཙོ་ཚོགས་པའི་འོས་མི་བཀག་ཉར་འོག་ཡོད་པ་སོགས་ལ། འོས་གཞིའི་ནང་ལངས་པ་དང་འོས་བླུགས་པའི་ཐོབ་ཐང་མེད་པ་བཟོས་ཡོད་པ་རེད།

ད་ལྟའི་འོས་བསྡུའི་ནང་གི་འོས་མི་མང་ཆེ་བ་འབར་མའི་དམག་གཞུང་གི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་སླེབས་ཡོད་པ་དང། འཐུས་མི་དེ་དག་ཀྱང་ཆེད་མངགས་འོས་མིའི་ནང་ཞུགས་ཆེད་དུ། གཞུང་གི་ལས་གནས་ནས་དགོངས་པ་ཞུས་ཡོད་འདུག འབར་མའི་གཞུང་གིས། འོས་བསྡུ་ཆེན་མོ་འདི་འདྲ་བ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པ་དེ། སྤྱི་ཚོགས་སུ་མང་གཙོ་ལག་བསྟར་བྱས་པ་ཞིག་ཡིན་པས། མི་མང་ལ་དེ་ལས་གཞན་པའི་མང་གཙོ་ཞིག་དགོས་གལ་མེད་ཚུལ་སོགས་བརྗོད་ནས། མང་གཙོ་ཚོགས་པ་དང་ཡུལ་དེའི་དགེ་འདུན་པ་སོགས་ཀྱིས། འབར་མའི་དམག་གཞུང་ལ་རྒོལ་གཏམ་སྤེལ་བ་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་བར་མི་མང་གི་རྒྱབ་སྐྱོར་མི་ཐོབ་པའི་ཆེད་དུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།{jcomments on}

Share this:
༩༡ ཀློག་གྲངས།