གྲོས་ཚོགས་འཐུས་མི་ཞིག་ལ་དཔལ་འབྱོར་མེད་པས་སྲིད་འཛིན་འོས་འགྲན་ནས་ཕྱིར་འཐེན། 

དེ་ཡང་ཟླ་༡༢ པའི་ཚེས་༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུར། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་ལྕམ་ཀཱ་མ་ལ་ཧཱེ་རི་སེ་(Kamala Harris)ཡིས། སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་རང་ཉིད་ཨ་རིའི་སྲིད་འཛིན་འོས་བསྡུར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་ལ་མུ་མཐུད་ནས་འོས་བསྡུའི་ཁྱབ་བསྒྲགས་ལས་དོན་སྤེལ་བའི་དཔལ་འབྱོར་ཡོང་ཁུངས་མེད་པས། འོས་འགྲན་ནས་ཕྱིར་འཐེན་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། ཁོང་གིས་མུ་མཐུད་ནས་མི་མང་ཚང་མར་དྲང་བདེན་ཡོང་སླད་དུ་ལས་ཀ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག 

དེ་ཡང་འདི་ལོའི་ཟླ་༡ པོའི་ནང་ལྕམ་ཁོང་གིས་རང་ཉིད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་པའི་ལས་དོན་ཁྱབ་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་མི་མང་ཁྲི་གཉིས་ལྷག་ཙམ་ཁོང་ལ་རྒྱབ་སྐྱོར་བྱེད་པར་སླེབས་ཡོད་པ་མ་ཟད། མོ་ནི་གྲོས་ཚོགས་གོང་མའི་འཐུས་མི་དང་གཞུང་གི་ཁྲིམས་རྩོད་པ་ཟུར་པ་ཡིན་ཁར། ལོ་ན་ཡང་༥༤ ཡིན་པས་མི་མང་དང་དཔྱད་བརྗོད་པ་མང་པོ་ཞིག་གིས་མོ་ལ་རེ་བ་ཆེན་པོ་བཟུང་ཡོད་འདུག ཐོག་མར་ཟླ་བ་གསུམ་གྱི་ནང་དུ་ཁོང་ལ་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་ཆེད་དུ་ཞལ་འདེབས་ཨ་སྒོར་ས་ཡ་༡༢ ཐོབ་འདུག་ཀྱང་། རྗེས་སུ་རྒྱབ་སྐྱོར་ཆུང་དུ་ཕྱིན་ཡོད་པ་རེད་འདུག 

དེ་ཡང་ཟླ་༦ པའི་ནང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པའི་བར་གྱི་བགྲོ་གླེང་ཞིག་གི་སྐབས་སུ། སྲིད་འཛིན་གཞོན་པ་ཟུར་པ་ཞིག་ལ་གུ་ཡངས་ཀྱི་ལངས་ཕྱོགས་འཛིན་མཁན་མིན་པའི་སྐྱོན་བརྗོད་དང་ལུང་འདྲེན་བྱས་པས། དྲ་ཐོག་བསམ་ཚུལ་བསྡུ་ལེན་ཐོག་ཏུ་མོ་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་ཕྱིན་ནས། སྐབས་དེར་འོས་འགྲན་བྱེད་མཁན་མི་སྣ་༢༥ ཡི་ནང་ནས་མོ་སྔོན་ཐོན་༥ ཡི་ནང་དུ་ཚུད་ཡོད་འདུག་ཀྱང་། རྗེས་སུ་མོ་རང་གཞུང་གི་ཁྲིམས་རྩོད་པ་ཡིན་པའི་སྐབས་སུ་ཉེན་རྟོག་པའི་དྲག་སྤྱོད་ལ་རང་དབང་ཅན་གྱི་རྟོག་ཞིབ་ལ་བཀག་འགོག་སོགས། གུ་ཡངས་ཀྱི་ལྟ་བ་དང་མི་མཐུན་པའི་ལས་དོན་ཁག་ཅིག་སྤེལ་བའི་གནས་ཚུལ་ཕྱིར་ཐོན་ནས། དྲ་ཐོག་བསམ་ཚུལ་བསྡུ་ལེན་ཐོག་ཁོང་ལ་རྒྱབ་སྐྱོར་གྱི་ཚད་གཞི་དམའ་རུ་སོང་ཡོད་འདུག དེ་བཞིན་དཔྱད་བརྗོད་པ་ཚོས་བརྗོད་ན། ཁོང་གིས་འོས་བསྡུའི་ཁྱབ་བསྒྲགས་ཀྱི་ལས་དོན་ནང་དུ། སྔོན་ཐོན་གྱི་ལྟ་བ་འཛིན་མཁན་དང་ལྟ་བ་བར་མི་འཛིན་མཁན་གཉིས་ཀྱི་དཀྱིལ་དུ་འགྲོ་ཐབས་བྱས་ཡོད་པ་དང་། དེའི་མཇུག་འབྲས་སུ་ཕྱོགས་ཁག་དེ་གཉིས་ཀ་ཡི་བློ་ལ་བབ་མེད་པས། མོའི་ཐབས་བྱུས་ལ་ནོར་འཁྲུལ་ཤོར་བ་ཡིན་སྐོར་བསྒྲགས་བཞིན་འདུག འོན་ཀྱང་ད་ལྟ་ནས་འོས་འགྲན་ནང་ཕྱིར་འཐེན་བྱས་པ་དེ་ནི་སྤྱང་གྲུང་ལྡན་པའི་ཐག་གཅོད་གཅིག་ཡིན་པ་དང་། སྲིད་དོན་པའི་ཁོར་ཡུག་ནང་མོ་ལོ་ན་ཆུང་ཆུང་ཡིན་པས། འོས་བསྡུའི་ནང་ཕམ་ཁ་ཆེན་པོ་མ་བྱུང་བའི་སྔོན་ཚུད་ནས་དགོངས་པ་ཞུས་པ་དེས། མ་འོངས་པར་སྲིད་དོན་རྣམ་པ་གསར་པ་སྐྲུན་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག 

མོ་ནི་རྒྱུན་དུ་ནས་སྲིད་འཛིན་ཊོམ་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པས། ཐེངས་འདིར་སྲིད་འཛིན་ཊོམ་གྱིས་ཊེའུ་ཊར་དྲ་ལམ་ཐོག་ཏུ་ཟུར་ཟ་བྱས་ནས། མོའི་ཕྱིར་འཐེན་དེ་ནི་སྟབས་མ་ལེགས་པ་ཞིག་ཡིན་པ་དང་། མོ་དྲན་རྒྱུ་ཡིན་སྐོར་བརྗོད་འདུག་པས། མོས་ལན་འདེབས་སུ་སྲིད་འཛིན་ཁོང་སེམས་ཁྲལ་བྱེད་དགོས་པ་མེད་པ་དང་། མྱུར་དུ་གྲོས་ཚོགས་གོང་མའི་ནང་སྲིད་འཛིན་ཊོམ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་འཇུག་མིན་གྱི་ཁྲིམས་གཏུག་ལ་ངོ་འཕྲད་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག 

རྒྱལ་སྤྱིའི་ནང་ཨ་རི་དང་རྒྱ་གར་གཙོས་པའི་མང་གཙོའི་རྒྱལ་ཁབ་མང་པོ་ཞིག་གི་ནང་། འོས་བསྡུའི་སྐབས་སུ་སྲིད་དོན་ཚོགས་པ་དང་འོས་མི་ལ་དངུལ་ཞལ་འདེབས་སྤྲོད་མཁན་ཕྱུག་བདག་ཡོད་མེད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་། ཐེངས་འདིར་ལྕམ་ཀཱ་མ་ལ་ཧཱེ་རི་སེ་ལ་སྤྱིར་རྒྱབ་སྐྱོར་ཉུང་དུ་ཕྱིན་ཡོད་ཀྱང་། གལ་ཏེ་དཔལ་འབྱོར་གྱི་རྒྱབ་རྟེན་ཆེན་པོ་ཡོད་ཚེ་ཁྱབ་བསྒྲགས་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། མང་གཙོ་ཚོགས་པའི་སྔོན་འགྲོ་འོས་བསྡུའི་བར་ལས་དོན་སྤེལ་ནས་རྒྱབ་སྐྱོར་ཆེ་རུ་གཏོང་བའི་ཐབས་ལམ་ཡོད་པ་རེད་དེ། དཔལ་འབྱོར་གྱི་རྒྱབ་རྟེན་ཆེན་པོ་མེད་རྐྱེན་འོས་འགྲན་ནས་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་པ་རེད། འོན་ཀྱང་སྐབས་སྔོན་མའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་མཐའ་མ་གཉིས་ནས་གཅིག་དང་། ཐེངས་འདིར་ཡང་འོས་འགྲན་བྱེད་མཁན་རང་ལོ་༧༧ ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷེར་ནི་སན་ཌེར་(Bernie Sanders)ལ། འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་ཆེད་ཞལ་འདེབས་སྤྲོད་མཁན་ཚང་མ་མི་མང་དཀྱུས་མ་ས་ཡ་ཁ་ཤས་ཡོད་འདུག་པ་དང་། ཕྱུག་བདག་དང་ཚོང་ལས་ཁང་ཆེན་པོ་སོགས་ནས་ཞལ་འདེབས་ལེན་གྱི་མེད་འདུག 

ཐོག་མར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་ནང་འགྲན་ཞུགས་༢༧ ལས་མང་བ་བྱུང་ཡོད་པ་དང་། དེ་ནི་ཨ་རིའི་ལོ་རྒྱུས་ནང་ད་བར་སྲིད་དོན་ཚོགས་པ་ཞིག་གི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་མང་ཤོས་དང་རྒྱབ་ལྗོངས་མི་འདྲ་བ་འཛོམས་ཤོས་དེ་ཆགས་ཀྱི་ཡོད། དེ་ཡང་ཕྱི་ལོ་༢༠༡༦ ལོའི་སྲིད་འཛིན་འོས་བསྡུར་སྤྱི་མཐུན་ཚོགས་པའི་འོས་མི་ཌོ་ནལ་ཊོམ་ལ་རྒྱལ་ཁ་ཐོབ་རྗེས། ཨ་རིའི་ནང་ཆབ་སྲིད་དང་དཔལ་འབྱོར་། སྤྱི་ཚོགས་སོགས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ནས། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་མང་པོ་ཞིག་གིས། གལ་ཏེ་ཕྱི་ལོ་༢༠༢༠ ལོར་ཊོམ་ལ་བསྐྱར་དུ་རྒྱལ་ཁ་ཐོབ་ཚེ་ཨ་རིའི་རྒྱལ་ཁབ་ཀྱི་རྣམ་པ་དང་། རིན་ཐང་གི་ལྟ་བར་ལྡོག་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུའི་སེམས་འཚབ་ཀྱིས་ཊོམ་ཕམ་ཉེས་ངེས་པར་དུ་གཏོང་རྒྱུ་ནི་མེད་དུ་མི་རུང་བ་ཡིན་པའི་བསམ་ཚུལ་འཛིན་མཁན་མང་པོ་ཡོད་འདུག ད་ལྟའི་ཆར་འོས་འགྲན་ནང་མུ་མཐུད་ནས་ཞུགས་མཁན་གནད་ཡོད་མི་སྣ་༡༥ ཡོད་འདུག་པ་དང་། མང་པོ་ཞིག་འོས་འགྲན་ནས་ཕྱིར་འཐེན་བྱས་ཟིན་འདུག ལོ་རྗེས་མའི་ཟླ་༧ པའི་ནང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམས་ཐོན་ཚར་རྒྱུ་ཡིན་པ་དང་། ཟླ་༡༡ པའི་ནང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་དང་སྲིད་འཛིན་འོས་བསྡུ་བྱེད་རྒྱུ་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༨༣༧ ཀློག་གྲངས།