སྲིད་འཛིན་ཊོམ་གྱིས་ཨ་རྒྱའི་ཚོང་དམག་མུ་མཐུད་ལོ་གཅིག་རིང་འགྱེད་དགོས་སྲིད་ཅེས་གསུངས་འདུག  

ཨ་རྒྱ་གཉིས་ཀྱིས་ཚོང་དམག་མཚམས་འཇོག་པའི་གྲོས་མཐུན་ཞིག་འཇོག་རྒྱུར་འབད་བརྩོན་རབ་དང་རིམ་པ་བྱས་ཏེ་གྲོས་མཐུན་གྱི་སྔོན་འགྲོ་འགྲུབ་ལ་ཉེ་ཚུལ་ཡོད་ནའང་། སྲིད་འཛིན་ཊོམ་གྱིས་ཨ་རྒྱའི་གྲོས་མཐུན་དེ་༢༠༢༠ ལོའི་(ཕྱི་ཟླ་༡༡ ནང་ཡིན་)ཨ་རིའི་སྲིད་འཛིན་འོས་བསྡུ་ཚར་བའི་རྗེས་བར་དུ་སྒུག་དགོས་སྲིད་ཚུལ་གསུངས་འདུག

ཟླ་འདིའི་ཚེས་༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཨ་རིའི་སྲིད་འཛིན་ཊོམ་གྱིས་རེས་གཟའ་མིག་དམར་ཉིན་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་གྲོས་མཐུན་དེ་༢༠༢༠ ལོའི་ཕྱི་ཟླ་༡༡ ནང་བསྡུ་གཏན་འཁེལ་བའི་ཨ་རིའི་སྲིད་འཛིན་འོས་བསྡུ་གྲུབ་རྗེས་བར་དུ་སྒུག་དགོས་སྲིད་སྐོར་གསུངས་པ་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ཟླ་མང་གི་ཚོང་དམག་དེ་མཇུག་རྫོགས་ལ་ཉེ་བའི་རེ་བ་གཏོར་བརླག་བཏང་ཡོད་འདུག 

བདུན་འདིའི་རེས་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཊོམ་དབྱིན་ཇིའི་རྒྱལ་ས་ལོན་ཏྲོན་དུ་ནུབ་ཕྱོགས་གྲོས་མཐུན་རྒྱལ་ཁབ་རྣམས་(NATO) ཀྱི་ཚོགས་འདུ་ཞིག་ལ་བཅར་སྐབས། དེར་འཛོམས་གསར་འགོད་པ་ཚོ་ལ་“ངས་ཚོང་འབྲེལ་གྲོས་མཐུན་འཇོག་པའི་དུས་བཀག་བཟོས་མེད་”ཅེས་གསུངས་པའི་ཁར། “ཕྱོགས་འགའ་ནས་བལྟས་ན། སྲིད་འཛིན་འོས་བསྡུ་གྲུབ་རྗེས་བར་དུ་གྲོས་མཐུན་མི་འཇོག་པར་སྒུག་རྒྱུ་དེ་ངས་ཡག་པོ་མཐོང་གི་འདུག། ཡིན་ན་ཡང་། ཁོ་ཚོས་གྲོས་མཐུན་ཞིག་ད་ལྟ་འཇོག་འདོད་བྱེད་ཀྱི་འདུག་པས། ང་ཚོས་གྲོས་མཐུན་དེ་ཡག་པོ་ཆགས་རྒྱུ་ཡིན་མིན་ལྟ་དགོས། དེ་ངེས་པར་དུ་ཡག་པོ་ཡིན་དགོས་”ཞེས་བསྣན་ཡོད་འདུག 

གཞན་ཡང་ཨ་རྒྱའི་གྲོས་མཐུན་དེ་འཇོག་མིན་སུ་ལ་ཐུག་པའི་ཐོག སྲིད་འཛིན་ཊོམ་གྱིས་“གྲོས་མཐུན་དེ་འཇོག་འདོད་ཁོ་ཚོ་ལ་ཡོད་མེད་ལྟ་རྒྱུ་མིན་པར། ང་ལ་ཡོད་མེད་ལྟ་རྒྱུ་ཡིན། ང་ལ་གྲོས་མཐུན་དེ་འཇོག་འདོད་ཡོད་མེད་བཤད་ཐུབ་ཀྱི་མི་འདུག འོན་ཀྱང་ང་ཚོས་མགྱོགས་མྱུར་ཤེས་ངེས་རེད། ང་ཚོས་མི་ཚང་མ་ཧང་སང་བ་ཞིག་བཟོ་རྒྱུ་ཡིན་”ཞེས་གསུངས་འདུག  

ཐོག་མའི་འཆར་གཞི་ལྟར་ན། སྲིད་འཛིན་ཊོམ་དང་ཞི་ཅིན་ཕིང་གཉིས་ཀྱིས་ཕྱི་ཟླ་༡༡ ནང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆི་ལི(Chile)ལ་ཐུག་སྟེ་ཚོང་འབྲེལ་གྲོས་མཐུན་གྱི་སྔོན་འགྲོ་ལ་མཚན་རྟགས་འགོད་འཆར་ཡོད་མོད། འོན་ཀྱང་རྒྱལ་ཁབ་དེའི་ནང་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་བྱུང་སྟེ་འཆར་གཞི་ལེགས་འགྲུབ་བྱུང་མེད་ལ། སྲིད་འཛིན་ཊོམ་གྱིས་དེ་སྔོན་ཕྱི་ཟླ་༩ ནང་༢༠༢༠ ལོའི་འོས་བསྡུའི་སྔོན་དུ་གྲོས་མཐུན་འཇོག་མི་དགོས་སྐོར་གསུངས་པ་ལྟར། ཁ་སང་རེས་གཟའ་མིག་དམར་ཉིན་པེ་ཅིང་ལ་གནོན་ཤུགས་གསར་པ་ཞིག་སྤྲད་པ་ཡིན་འདུག 

སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཙམ་མ་ཡིན་པར་སྤྱི་ཡོངས་ཀྱི་འབྲེལ་ལམ་ཆ་ནས་བཤད་ན། ཕན་ཚུན་ལ་རྩོད་གཞི་དང་འགལ་ཟླ་ཇེ་ཆེ་ནས་ཇེ་ཆེར་གྱུར་དང་འགྱུར་མུས་སུ་ཡོད་འདུག་སྟེ། བདུན་ཕྲག་གོང་མར་སྲིད་འཛིན་ཊོམ་གྱིས་ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པའི་ཁྲིམས་གསར་པ་གཏན་ལ་ཕབ་པར། རྒྱ་ནག་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ནས་འཁོན་ལན་སློག་གི་ཡིན་པའི་སྡིགས་ར་བསྐུལ་ཡོད་པ་མ་ཟད། ད་ལྟ་ཨ་རིའི་གྲོས་ཚོགས་ཀྱིས་ཡུ་གུར་མི་རིགས་ལ་རྒྱབ་སྐྱོར་བྱེད་པའི་ཁྲིམས་འཆར་ཞིག་ལ་མོས་མཐུན་བྱས་ཏེ་སྲིད་འཛིན་གྱི་མཚན་རྟགས་འགོད་རྒྱུར་བཞག་ཡོད་པ་ལའང་། རྒྱ་ནག་གིས་སྐྱོན་བརྗོད་བྱེད་བཞིན་པའི་སྒང་ཡིན་འདུག 

གལ་སྲིད་ཨ་རྒྱ་གཉིས་ཀྱི་བར་དུ་ཚོང་གི་གྲོས་མཐུན་ཞིག་འཇོག་མ་ཐུབ་པའམ། ཕྱོགས་གཉིས་ཀས་བསྟུན་ཐབས་མ་བྱས་པ་ཡིན་ན། ཟླ་འདིའི་ཚེས་༡༥ ནས་བཟུང་སྟེ་ཨ་རིའི་གཞུང་ནས་ཁ་པར་དང་རྩེད་ཆས་འདུས་པའི་རྒྱ་ནག་གི་ཐོན་རྫས་རྣམས་ལ་སྒོ་ཁྲལ་འཕར་མ་འཇོག་འཆར་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༩༢༩ ཀློག་གྲངས།