བཙན་གཡེམ་གྱི་གནོད་འཚེ་ཕོག་པའི་རྒྱ་གར་བུད་མེད་ཅིག་ལམ་བར་ནས་གསོན་སྲེག

རྒྱ་གར་དུ་སླར་ཡང་བཙན་གཡེམ་གྱི་གནོད་འཚེ་ཕོག་པའི་བུད་མེད་ཅིག་ཉེས་ཅན་པ་ཚོས་གསོན་སྲེག་བྱས་པའི་གནས་ཚུལ་སྐྱི་གཡའ་བ་ཞིག་ལྷགས་ཏེ། མི་མང་རྣམས་སྔར་བས་ཀྱང་ཧ་ལས་ཧོན་འཐོར་དུ་བཅུག་ཡོད་འདུག 

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༢ ཚེས་༥ ཉིན་གྱི་ཞོགས་པར་རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་ཨོ་ནོ་(Unnao)ཞེས་པ་ན། ལོ་ན་༢༣ ལ་སོན་ཞིང་བཙན་གཡེམ་གྱི་གནོད་འཚེ་ཕོག་པའི་བུད་མེད་ཅིག་ས་གནས་དེ་གའི་ཁྲིམས་ཁང་ལ་འགྲོ་བའི་ལམ་བར་དུ། མོ་བཙན་གཡེམ་བྱེད་མཁན་གྱི་ཉེས་ཅན་པ་ཚུད་པའི་མི་ལྔ་ཡིས་འཇབ་རྒོལ་བྱས་ཏེ་གསོན་སྲེག་བཏང་བར་བརྟེན། མོའི་ལུས་པོའི་བརྒྱ་ཆ་༦༠ ནས་༧༠ བར་འཚིགས་ནས་ད་ལྟ་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་པའི་སྒང་ཡིན་འདུག 

དེ་ཡང་འདི་ལོའི་ཕྱི་ཟླ་༣ ནང་བུད་མེད་དེ་ལ་སྐྱེས་པ་གཉིས་ཀྱིས་བཙན་གཡེམ་བཏང་སྟབས། མོས་སྐྱེས་པ་དེ་གཉིས་ཁྲིམས་ལ་གཏུགས་ནས་དེ་རིང་རྫོང་གི་ཁྲིམས་ཁང་ལ་ཉན་ཞིབ་ཆེད་དུ་ཕྱིན་པ་ཡིན་འདུག་རུང་། མོ་མེ་འཁོར་འབབ་ཚུགས་སུ་འགྲོ་བའི་ལམ་བར་དུ་སྐྱེས་པ་ལྔས་འཇབ་རྒོལ་བྱས་ཏེ་བཟུང་བ་མ་ཟད། ཉེ་འཁོར་གྱི་ཐང་ཞིག་ཏུ་ཁྲིད་དེ་གསོན་སྲེག་བྱས་ཡོད་འདུག 

ས་གནས་ཉེན་རྟོག་པས་མོ་ལ་བཙན་གཡེམ་བྱེད་མཁན་འདུས་པའི་ཉེས་ཅན་པ་ལྔ་པོ་འཛིན་བཟུང་བྱས་ཟིན་ཚུལ་བརྒྱུད་ལམ་ཁག་ཏུ་བསྒྲགས་ཡོད་འདུག 

གནས་ཚུལ་འདི་འབྱུང་སའི་ས་ཁུལ་དུ་ཉེ་ཆར་ཡང་བཙན་གཡེམ་དང་འབྲེལ་བའི་གྱོད་གཞི་ཆེན་པོ་ཞིག་ལྷགས་ཡོད་འདུག་སྟེ། ཕྱི་ཟླ་༧ པའི་ནང་བུད་མེད་ཅིག་གིས་ས་གནས་དེ་གའི་དབང་འཛིན་མི་སྣ་ཞིག་གིས་མོ་ལ་བཙན་གཡེམ་བྱས་པའི་ཉེས་འཛུགས་བྱས་རྗེས། མོའི་རླངས་འཁོར་ལ་རྡབ་སྐྱོན་བྱུང་སྟེ་མོ་དང་མོའི་ཁྲིམས་རྩོད་པ་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་མ་ཟད། མོའི་སྲུ་མོ་གཉིས་ཀྱང་ཤི་བར་བརྟེན། ཉེན་རྟོག་པས་གནས་ཚུལ་དེ་མི་གསོད་ཀྱི་གྱོད་གཞིར་བརྩིས་ནས་ཞིབ་འཇུག་བྱས་ཡོད་འདུག 

གཞན་ཡང་། བདུན་ཕྲག་གོང་མར་ལོ་ན་༢༧ ཡིན་པའི་རྒྱ་གར་གྱི་དུད་འགྲོའི་སྨན་པ་ཞིག་ལ་སྐྱེས་པ་འགའ་ཤས་ཀྱིས་བཙན་གཡེམ་བཏང་རྗེས། གསོན་སྲེག་བྱས་ཏེ་འཕངས་པའི་གནས་ཚུལ་བྱུང་བ་དེར། རྒྱ་གར་རྒྱལ་ཡོངས་སུ་ངོ་རྒོལ་ཤུགས་ཆེན་བྱུང་ཡོད་འདུག  

ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐྱེས་པ་ཚོ་གཅིག་གིས་ན་ཆུང་བུད་མེད་ཅིག་རླངས་འཁོར་ནང་གདུག་རྩིབ་ཆེན་པོས་བཙན་གཡེམ་དང་དམར་གསོད་བྱས་པའི་གནས་ཚུལ་འཇིགས་སུ་རུང་བ་དེ་བྱུང་བ་ནས་བཟུང་། རྒྱ་གར་དུ་བཙན་གཡེམ་དང་བུད་མེད་ལ་མ་རུང་བའི་འཚེ་བ་བྱེད་པའི་ཐོག་ལ་དམ་དྲག་དམིགས་བསལ་་ཡོད་མོད། འོན་ཀྱང་བུད་མེད་ལ་འཚེ་བའི་ནག་ཉེས་རྣམས་ཆུང་དུ་འགྲོ་བའི་རྟགས་མཚན་ཅི་ཡང་བྱུང་ཡོད་མི་འདུག 

གཞུང་གི་ནག་ཉེས་ཀྱི་སྙན་ཐོ་གསར་ཤོས་ནང་གསལ་བ་ལྟར་ན། རྒྱ་གར་དུ་ཉེན་རྟོག་པས་ཕྱི་ལོ་༢༠༡༧ ལོར་བཙན་གཡེམ་གྱི་གྱོད་དོན་༣༣,༦༥༨ དེབ་སྐྱེལ་བྱས་ཡོད་འདུག་ཅིང་། དེ་ནི་ཆ་སྙོམ་ཐོག་ནས་བརྩིས་ན་ཉིན་རེར་བཙན་གཡེམ་གྱི་དོན་རྐྱེན་༩༢ བྱུང་བ་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༠༧༦ ཀློག་གྲངས།