སྟག་མཆོང་སར་ཝ་མཆོང་མི་ཐུབ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༠   ཕྱི་ལོ་ ༢༠༡༩/༡༢ /༤ 

བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་གཞན་གྱི་ལུང་པར་སྐྱབས་བཅོལ་བའི་སྤྱི་ཚོགས་ཤིག་ཡིན་ནའང་།ཆུང་ས་ནས་སྤྱི་ཚོགས་ནང་འཐེན་འཁྱེར་གྱི་རྣམ་པ་ཤུགས་ཆེ་རུ་གཏོང་གང་ཐུབ་བྱེད་མཁན་ཡོད་ལ། ཆེ་ས་ནས་མང་གཙོའི་ཀ་བ་གསུམ་གྱི་བར་དུའང་རང་བཙན་ཅན་གྱི་རྒྱལ་ཁབ་ཁག་དང་། དེ་ལས་ཀྱང་ལྷག་པའི་དབང་ཚད་ཅིག་ཡོད་སྙམ་བཞིན་ཡོད། དཔེར་ན་ཉེ་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྲིད་སྐྱོང་གིས་དབུས་པའི་བཀའ་བློན་རྣམས་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱ་རྒྱུའི་ཉེན་བརྡ་ཞིག་བཏང་ཡོད་པ་དང་།བཀའ་ཁྱབ་དེ་བཀའ་ཤག་ཏུ་མ་འབྱོར་སྔོན་ནས་འབྲེལ་ཡོད་ཀྱི་སྤྱི་ཚོགས་དྲ་ལམ་ཁག་ཅིག་ཏུ་བཏང་ཟིན་པའི་སྐད་ཆ་ཡང་འདུག རྩ་བས་ཁ་མཆུ་ཨང་༢༠ པ་དེ་བདེ་སྡུག་དངོས་དང་འབྲེལ་བའི་ཁ་མཆུ་ཞིག་མིན་ལ། བཙན་བྱོལ་བོད་མི་ནང་ཁུལ་དུ་སྲིད་དོན་དང་ཤོག་ཁའི་འཐེན་འཁྱེར་དང་ཐོབ་ཤོར་གྱི་ཁ་མཆུ་ཞིག་ཡིན་པས། ཁྲིམས་ཞིབ་ཁང་གིས་ཀྱང་གནད་དོན་དེ་ཁོ་ན་གཞི་རྩར་འཛིན་པ་ལས། དུས་རྒྱུན་གྱི་འབྲེལ་བ་དང་ལྟ་སྣང་མཐོང་ཕྱོགས་ལེགས་ཉེས་ཀྱི་རྗེས་སུ་འགྲོ་མི་རུང་སྙམ།

དེ་བཞིན་བཀའ་ཤག་གི་ངོས་ནས་ཀྱང་གནད་དོན་དང་དེའི་འབྱུང་རྐྱེན་གསལ་པོ་བཟོས་དགོས་པ་ཁག་གསལ་པོ་བཟོ་དགོས་པ་ལས། སྦས་འགེབས་བྱེད་མི་རུང་བ་དང་། ཁས་ལེན་དགོས་པ་དང་ལེན་ཐུབ་པ་གང་ཡིན་མིན་དེ་གསལ་པོ་མ་བཟོས་ན། གནད་དོན་འདི་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་བརྡབ་གསིག་ཆེན་པོ་འགྲོ་བའི་རྐྱེན་རྩ་ཞིག་ཏུའང་འགྱུར་མི་སྲིད་པ་མ་རེད། བཀའ་ཤག་ལ་ཁ་གཏད་གཅོག་མཁན་དང་ངོ་རྒོལ་བྱེད་མཁན་ཡང་སྤྱི་ཚོགས་ནང་ཡོད་པ་དང་། ལྷག་པར་དུ་གཞུང་གི་ལས་བྱེད་རྙིང་པའི་ནང་དུ་མངོན་གསལ་དོད་པོ་བྱེད་མཁན་ཡང་མཐོང་རྒྱུ་ཡོད་ཀྱང་། སྤྱི་ཚོགས་ནང་རྒྱབ་སྐྱོར་ཆེན་པོ་ཡོད་པ་དེ་ཡང་སྲིད་སྐྱོང་ལ་འོས་ཤོག་སླེབས་སྟངས་སོགས་ཀྱི་ཐོག་ནས་གསལ་པོ་ཆགས་ཡོད་པས། ཁ་གཏད་གཅོག་མཁན་ལ་དོ་སྣང་དང་གདེང་འཇོག་གནང་དགོས་པ་མང་གཙོའི་ཁྱད་ཆོས་ཡིན་ཀྱང་། རྒྱབ་སྐྱོར་བྱེད་མཁན་སྣང་མེད་དུ་གཏོང་མི་རུང་བ་ནི་དེ་བས་ཀྱང་ཆབ་སྲིད་དང་མང་གཙོ་གང་ཐད་ནས་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་པའང་གཏན་ནས་བརྗེད་མི་རུང་བ་ཞིག་ཏུ་གྱུར་འདུག

ལོ་འདིར་སྤྱི་འཐུས་ལྷན་ཚོགས་ནས་འོས་འདེམས་བྱས་ཤིང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་གྲོས་ཚོགས་ནང་ཡོངས་ཁྱབ་ཀྱིས་བཀའ་བློན་དུ་འདེམས་ཐོན་བྱུང་བའི་གསལ་བསྒྲགས་བྱས་ཟིན་པ་ཞིག ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་ཀྱི་ཚིག་དོན་གོ་བ་ལེན་སྟངས་ལ་བསྙད་ནས་དམ་བཅའ་བཞེས་མེད། གལ་སྲིད་བཅའ་ཁྲིམས་ཀྱི་དགོངས་དོན་ངོ་མ་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ནས་མུ་མཐུད་མཁྲེགས་འཛིན་བྱས་པས་བཅའ་ཁྲིམས་དོན་ཚན་སོ་བརྒྱད་པའི་ནང་གསེས་༩ པ་“བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་མེད་པ”ཞིག་ཏུ་གྱུར་པ་རེད། སྤྱི་འཐུས་ཚང་མ་འོས་ཆོས་མ་ཚང་བར་གྱུར་ན་རང་བཞིན་གྱིས་འཕོ་དགོས་པས། སྤྱི་འཐུས་ལྷན་ཚོགས་ནས་ཀྱང་མགོ་རུལ་བ་རྣ་བས་མ་ཚོར་བ་བྱས་ན་བཅའ་ཁྲིམས་ལ་འགན་མ་ཁུར་བ་ཞིག་དང་། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡང་། ཁྲིམས་ཞིབ་ཁང་ཡིན་པ་ལས་ཁྲིམས་ཁང་གཏན་ནས་མིན་པ་དང་། ཁྲིམས་ཞིབ་པ་ཡིན་པ་ལས་ཁྲིམས་དཔོན་གཏན་ནས་མིན་པ་འདི་ཡང་བརྗེད་མི་རུང་བ་ཞིག་རེད།

ད་ཆ་སྤྱི་ཚོགས་ནང་རྙོག་ཟིང་ཆེ་ཤོས་ཁ་མཆུ་ཨང་༢༠ པའི་རྗེས་འབྲེལ་གྱི་གནད་དོན་ཁག་ཡིན་པ་དང་། དེ་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་དགོངས་དོན་བཞིན་བཀའ་ཤག་གིས་དགོངས་སེལ་ཞུ་མིན་ལ་ཐུག་པ་ལྟ་བུ་རེད། གལ་སྲིད་བཀའ་ཤག་གིས་ཐག་གཅོད་དེ་དྲང་བདེན་ཞིག་ཏུ་གཏན་ནས་མ་མཐོང་ན་“འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་”ཞེས་དམ་བཅའ་ཕུལ་ཡོད་པའི་གཞི་རྩ་དེའི་ཐོག་ནས་དཀའ་ངལ་ཡོད་མི་སྲིད་པ་མ་རེད། འོན་ཀྱང་བཅད་ཁྲ་དང་། མཇུག་སྐྱོང་གི་བཀའ་ཁྱབ་བཅས་ཆ་ཚང་བཀའ་ཤག་གིས་དང་ལེན་མ་བྱས་ཚེ། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་སྒྲིག་ཁག་ཏུ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་ཆོག་པ་ཞིག་གཏན་ནས་མེད་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྲིད་སྐྱོང་དང་། བཀའ་བློན་རྣམས་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་ངེས་པ་ཁོར་ཡུག་གི་དབང་གིས་མཐོང་ཐུབ་པས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སླར་ཡང་རྙོག་ཟིང་ག་རེ་ཡོང་མིན་ནི་སེམས་ཁྲལ་གྱི་གནས་སུ་གྱུར་འདུག

མདོར་ན་ཁྲིམས་སྒོ་རང་བཙན་ཡིན་པའི་རྒྱལ་ཁབ་ཁག་དང་གཅིག་མཚུངས་ཡིན་བསམ་པའི་ཚོར་བ་ཞིག་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས། ཁྲིམས་ཞིབ་ཁང་བཅས་ལ་ཡོད་མི་འོས་པར། སྐྱབས་བཅོལ་བའི་གནས་བབས་དེ་གཏན་ནས་བརྗེད་མི་རུང་། ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་། “བཅད་ཁྲའི་དགོངས་དོན་ཉམས་ལེན་དུས་ཐོག་ལག་བསྟར་མི་བྱེད་མཁན་བྱུང་ན། དེར་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་དང་འབྲེལ་ལག་བསྟར་བྱེད་དུ་འཇུག་རྒྱུའི་ལས་འགན་ལེན་དགོས་”ཞེས་གསལ་འདུག་ཀྱང་། དོན་དུ་ཁྲིམས་ཞིབ་ཁང་གིས་ལོ་རྒྱུས་ནང་ལས་འགན་དེ་ཆ་ཚང་ཁུར་ཡོད་མེད་ཤེས་གསལ་རེད་ལ། ད་ཆའང་འབྲེལ་ཡོད་ཁ་ཤས་ལ་འགན་དེ་ལེན་མི་སྲིད་པ་དེ་བས་ཀྱང་གསལ་པོ་རེད། ད་དུང་སྐབས་འདིར་གླེང་དགོས་པ་ཞིག་ལ་ལས་བྱེད་ཟུར་པ་ཁག་ཅིག་གིས་མི་ཚེར་ལས་ཀ་བྱས་ཀྱང་། བོད་མིའི་སྒྲིག་འཛུགས་འདི་ཉིད་སྲ་བརྟན་དུ་མི་གནས་པར་འཐོར་ཞིག་ཏུ་སོང་བའི་དབང་དུ་བཏང་ན་སྤྱི་དང་བྱེ་བྲག་ཚང་མར་གྱོད་གུད་ཆེན་པོ་ཡིན་པའང་བརྗེད་མི་རུང་བའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་འདུག་སྙམ།།

Share this:
༢༩༨༢ ཀློག་གྲངས།