དགྲ་ལ་རྩུབ་དང་གཉེན་ལ་འཇམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༢ ཕྱི་ལོ་ ༢༠༡༩/༡༢ /༡༨

བོད་པའི་ཁ་རྒྱུན་དུ་དགྲ་ལ་རྩུབ་དགོས། གཉེན་ལ་འཇམ་དགོས་ཞེས་པའི་བཤད་ཚུལ་ཞིག་ཡོད་པ་དང་། བཤད་ཚུལ་དེ་ནི་བོད་ཀྱི་ལོ་རྒྱུས་སམ་སྤྱི་ཚོགས་འཚོ་བའི་གོམས་གཤིས་ཀྱི་ཆ་ནས་ཡོང་བའི་ཁ་རྒྱུན་ཞིག་ཀྱང་ཡིན་ངེས་པ་རེད། འོན་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་ཕྱོགས་རེ་ཟུང་ནས་བལྟས་ན་དེ་ལྟ་བུའི་གནས་སྟངས་ཤིག་མཐོང་རྒྱུ་མེད་པ་ལྟ་བུ་ཡོད་པ་དང་། ལྷག་པར་དུ་སྐབས་དུས་སོ་སོར་བོད་ཀྱི་ཆོས་བརྒྱུད་ཁག་བེད་སྤྱོད་བཏང་ནས་ཕྱི་ཕྱོགས་ཀྱི་བཙན་འཛུལ་བས་བོད་དུ་འདྲེ་ལག་བརྐྱངས་པའི་ལོ་རྒྱུས་ནི་ཉུང་ཉུང་ཞིག་གཏན་ནས་མིན། བོད་པ་ཡང་རང་ངོས་ནས་ཀྱང་ལག་དམར་བ་དེ་དག་ཆོས་བརྒྱུད་སོ་སོའི་རྒྱབ་སྐྱོར་བ་དང་། བསྟན་པའི་སྦྱིན་བདག་སོགས་ཡིན་པར་རློམ་ནས་ཆེ་བསྟོད་བྱེད་པའི་གོམས་གཤིས་དེ་གནའ་ནས་ད་བར་འཇགས་མེད། རྒྱ་དམར་དྲག་པོའི་གཞུང་གིས་རྒྱུག་པ་ལེབ་རྡུང་བྱས་ནས་བོད་ཡུལ་སྟོད་སྨད་བར་གསུམ་གང་སར་གནམ་གྱིས་ས་བཀབ་པ་ལྟ་བུའི་བཙན་གནོན་བྱས་ཡོང་དུས། བོད་ཀྱི་སྡེ་ཚན་བྱེ་བྲག་པ་ཙམ་ཞིག་མ་ཡིན་པར་སྤྱི་ཡོངས་ལ་བཙན་གནོན་བྱས་ནས་བོད་པ་ཡོངས་རྫོགས་དགྲ་འོག་ཏུ་ཚུད་པ་རེད།

ཕྱི་ལོ་༡༩༥༡ ལོ་ནས་བརྩིས་ན་ད་བར་མི་ལོ་༧༠ ལ་ཉེ་བའི་རིང་རྒྱ་དམར་དྲག་གཞུང་གི་ངོས་ནས། བོད་ཀྱི་ཆོས་དང་རིག་གནས་གོམས་གཤིས་དང་བསམ་བློ་ཚང་མ་རྩ་མེད་གཏོང་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་དང་། བོད་པ་རང་ངོས་ནས་ཀྱང་གནད་དོན་དེའི་ཐོག་ལ་བོད་ཕྱི་ནང་གཉིས་ནས་གདོང་ལེན་དང་འབད་བརྩོན་མང་པོ་བྱས་ནས་མི་ལོ་༦༠ ཙམ་གྱི་རིང་བཙན་འོག་ཏུ་གནས་ཡོད་ཀྱང་། བོད་ཀྱི་ཆོས་དང་རིག་གནས་རྩ་མེད་དུ་གཏོང་མ་ཐུབ་པ་ནི་གཟི་བརྗིད་དང་སྤོབས་པ་སྐྱེས་དགོས་པ་ཞིག་རེད། བོད་ནང་དུ་སྙིང་སྟོབས་སམ་གཅིག་གྱུར་གྱི་བསམ་བློ་འདི་ལྟ་བུ་ཞིག་བྱུང་བ་ནི་རྒྱ་གཞུང་གིས་སྤྲད་པའི་གནོན་ཤུགས་དང་། མི་ལོ་༦༠ རིང་དཀའ་སྡུག་གིས་བསྐྲུན་པའི་སྙིང་སྟོབས་རླབས་ཆེན་ཞིག་ཏུ་གྱུར་ཡོད། ང་ཚོའི་དགྲ་བོའི་སྟོབས་ཤུགས་གོ་ལ་ཧྲིལ་པོའི་ཁ་གཏད་དུ་གྱུར་ཡོང་བའི་སྐབས་འདིར། བཙན་བྱོལ་བོད་མི་ཕལ་མོ་ཆེས་དགྲ་བོ་ལ་ཁ་གཏད་གཅོག་རྒྱུའི་བསམ་བློ་དེ་ཉམས་དམས་སུ་སོང་ཡོད་པ་དང་། བོད་པ་ནང་ཁུལ་གྱི་རྩོད་རྙོག་ཆུང་ཙག་མང་པོ་ཞིག་ལ་མགོ་འཐོམས་ནས་གནས་ཡོད་པ་འདི་འགྱུར་ལྡོག་ཆེན་པོ་ཞིག་རེད། དབུ་མའི་ལམ་བརྒྱུད་ནས་རྒྱ་དམར་གཞུང་དང་མཉམ་དུ་བསྡད་ནས་བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་བྱ་རྒྱུའི་བསམ་བློ་དང་རེ་བ་ཞིག་ཡོད་པ་དང་། དེ་ནི་བོད་ཀྱི་མི་རིགས་རིག་གཞུང་རྒྱུད་འཛིན་གྱི་སྲོག་རྩ་ཉག་གཅིག་ཏུ་ངོས་འཛིན་བྱེད་མཁན་མང་པོ་ཡོད་ས་རེད་ལ། སྲིད་བྱུས་འདི་ནི་༧གོང་ས་མཆོག་གི་དགོངས་གཞི་དང་། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་སྲིད་བྱུས་ཤིག་ཏུའང་གྱུར་ཡོད་པ་རེད། སྲིད་བྱུས་འདིའི་བདག་དབང་བོད་མིའི་སྒྲིག་འཛུགས་ལ་ཡོད་མེད་དང་། མི་མང་ཁོ་ན་ལ་ཡོད་མེད་སོགས་ནི་རྩོད་རྙོག་ཆུང་ཙག་ཡིན་མོད། དབུ་མའི་ལམ་གྱི་རུ་འདྲེན་པ་ང་ཡིན་ཁོ་མིན་ཟེར་མཁན་ཚོས་དགྲ་བོ་ལ་ཡིད་ཆེས་གུ་ཡངས་དགོས་པའི་བསམ་ཚུལ་དེ་ཚོ་གཅིག་ཉན་ཡོང་དུས། སྤྱན་རས་གཟིགས་དངོས་ལས་ཀྱང་ལྷག་པའི་བྱམས་སྙིང་རྗེའི་བདག་ཉིད་འབའ་ཞིག་ཡིན་ས་རེད་བསམ་པ་ལྟ་བུ་འདུག་ལ། མི་དེ་དག་གིས་ནང་ཁུལ་དུ་འཁོན་འཛིན་དང་རྩོད་རྙོག་རེ་བཟོས་ཡོང་དུས་ནི་གཞན་སུ་གང་ལས་ཀྱང་ལྷག་པའི་གུ་དོག་དང་བསམ་ངན་སྦྱོར་རྩུབ་ཅན་འབའ་ཞིག་ཏུ་མཐོང་ཡོང་བས་ག་རེ་ཡིན་བཤད་མི་ཤེས་པ་ཞིག་ཏུ་གྱུར་ཡོད།

གང་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་དེ་འགྲེལ་བཤད་བརྒྱབ་ན་སྙན་པོ་ཞིག་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་རྣམ་གཞག་ཐོག་ནས་བལྟས་ན་བདག་ལས་གཞན་གཅེས་དང་། བདག་གཞན་མཉམ་པ་སོགས་ཀྱི་བསམ་བློ་དེ་དག་གིས་ཟུར་བརྒྱན་ནས་བཤད་ཡོང་དུས་ཡིད་དབང་འཕྲོག་པ་ཞིག་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་རེད། འོན་ཀྱང་དོན་དངོས་སུ་རྒྱ་དམར་གཞུང་གི་ངོས་ནས་ཡ་ལན་གཏན་ནས་མ་བྱས་ན། བསམ་བློ་དེ་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་སེམས་ཤུགས་དང་། དགྲ་ལ་དགྲ་ཡི་འདུ་ཤེས་ཡོད་པའི་མི་སྣ་མང་པོ་ཞིག་མེ་རང་ཤི་དང་དུ་བ་རང་ཡལ་དུ་འགྱུར་བཞིན་ཡོད་པ་མ་ཟད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དགྲ་ལ་དགྲ་ཡི་འདུ་ཤེས་དེ་ཕལ་ཆེར་བརླག་ལ་ཉེ་བ་ཞིག་ཏུ་གྱུར་ཡོད་ཀྱང་། ད་དུང་ཡིད་སྐྱོ་དགོས་པ་ཞིག་ལ་གཉེན་ལ་དགྲ་ཡི་འདུ་ཤེས་འཛིན་པའི་ནད་དུག་ཅིག་ཀྱང་འགོས་ཁྱབ་ཏུ་འགྲོ་བཞིན་པའི་རྣམ་པ་མཐོང་རྒྱུ་འདུག གནད་དོན་འདི་ལ་ཞིབ་ཏུ་བལྟས་ཡོང་དུས་བསམ་བློ་དེ་ནི་ཕལ་ཆེ་བ་དབུ་མའི་ལམ་གྱི་རུ་འདྲེན་པ་དག་གིས་ཕྱོགས་ཕན་ཚུན་བཟུང་ནས་ཁ་གཏད་བཅགས་པ་ལས་བྱུང་འདུག

མདོར་ན་བོད་མི་རིགས་ཀྱི་ཁ་རྒྱུན་དུ་ཡོད་པའི་བཤད་སྲོལ། དགྲ་ལ་རྩུབ་དང་གཉེན་ལ་འཇམ་དགོས་ཞེས་པ་དང་། དགྲ་ལ་ཐུག་དུས་ཐོག་ལས་རྒོད། གཉེན་ལ་ཐུག་དུས་དར་ལས་འཇམ་དགོས་པའི་བཤད་སྟངས་དེ་རིགས་ནི་བཙན་བྱོལ་ནང་གོ་ལྡོག་ཏུ་འགྲོ་བཞིན་ཡོད་པ་དང་། དེ་ཡང་གོང་དུ་བརྗོད་པ་བཞིན་ད་ལྟའི་ཆར་བཙན་བྱོལ་བོད་མི་ནང་ཁུལ་གྱི་རྩོད་རྙོག་མང་པོ་ཞིག་གི་གཞི་རྩའམ། དེ་དག་གི་བྱུས་འགོད་པ་དང་མདུན་མཆོངས་པ་ཚང་མ་ནི། རྒྱ་དམར་གཞུང་ལ་གུ་ཡངས་དང་བསམ་ཤེས་དགོས་པ་དང་། དབུ་མའི་ལམ་བརྒྱུད་ནས་འཆམ་མཐུན་བྱས་ཏེ་རྒྱ་བོད་བར་གྱི་ལོ་རྒྱུས་ཀྱི་འཁོན་རྩོད་དེ་དག་བརྗེད་ནས་གུ་ཡངས་བྱེད་དགོས་པའི་ལམ་སྟོན་གནང་མཁན་གྱི་དབུ་མའི་ལམ་གྱི་རུ་འདྲེན་པ་དག་རེད། ད་དུང་དབུ་མའི་ལམ་གྱི་སྲིད་བྱུས་དེ་དགྲ་ལ་ལག་བསྟར་ཡོང་དགོས་པ་གལ་ཆེན་པོ་མ་རེད་ཅེས་ད་ལྟའི་ཆར་བཤད་མི་ཕོད་ཀྱང་། གཉེན་ལ་དེ་བས་ཀྱང་དབུ་མའི་ལམ་ལག་བསྟར་དགོས་པ་གལ་ཆེན་པོར་མཐོང་སོང་། གང་ལྟར་བོད་པའི་སྤྱི་མཐུན་གྱི་བསོད་ནམས་ཟད་སོང་བའམ་གང་ལྟར་ལན་མི་རྙེད་པའི་དྲི་བ་མང་པོ་ཞིག་འདུག།

Share this:
༩༢༦ ཀློག་གྲངས།