ཨ་རིའི་གྲོང་ཁྱེར་ཨེ་ཊི་ལན་ཌ།

ཆོས་རིག་ལས་ཁུངས་ནས་ང་ལ་བཀའ་ཡིག་ཅིག་གནང་འདུག་པས། དེ་རིང་འདི་གར་ཆོ་ག་སྤེལ་བཞིན་ཡོད་པ་རེད།”ཨ་རིའི་གྲོང་ཁྱེར་ཨེ་ཊ་ལན་ཌར་ཡོད་ པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་ཚོགས་སུ་ཆོས་ཀྱི་མཛད་འཕྲིན་སྐྱོང་བཞིན་པའི་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ། ༧སྐྱབས་མཆོག་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཆེ་མཆོག་གིས་དེ་ལྟར་གསུངས་སོང་། འཛམ་གླིང་སྤྱི་དང་ཁྱད་པར་དུ་བོད་ཀྱི་ས་ཁུལ་མང་པོ་ཞིག་ལ་ཕྱིའི་རང་བྱུང་ཁམས་ཀྱི་ཆག་འཇིག་དང་། གཞན་གྱི་བཙན་གནོན་སོགས་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་པའི་དུས་སྐབས་འདིར། ༧སྤྱི་ནོར་༧ གོང་ས་མཆོག་ནས་འདི་ལྟའི་བཀའ་སློབ་ཅིག་ཕེབས་འདུག་པ་ལྟར། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་ཚོགས་ཀྱིས་ཀྱང་རང་འཁྲི་དང་དུ་ལེན་བཞིན་ཞབས་རིམ་དུས་ཐོག་ཏུ་སྒྲུབ་ཀྱིན་མཆིས། དེ་རིང་ཉིན་གུང་གི་སྐབས་ཤིག་ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་ཚོགས་སུ་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་ཞབས་རིམ་བསྒྲུབ་བཞིན་ཡོད་པ་དང་། དགོང་མོའི་ཆུ་ཚོད་བདུན་པ་ནས་ཤེས་རབ་སྙིང་པོ་གསོག་སྒྲུབ་བྱེད་རྒྱུ་ཡིན་པ་སོགས་གོ་བྱུང་བས། ང་རང་མྱུར་དུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་རྒྱང་ཐག་མལ་ལེ་རེ་ཟུང་གི་སར་ཡོད་པའི་འབྲས་སྤུངས་ཕྱོགས་སུ་ཐོན་པ་ཡིན།

བློ་གསལ་གླིང་གི་ཆོས་ཚོགས་སུ་ཐོན་མ་ཐག་ཆོས་ཚོགས་ཀྱི་གཏན་བཞུགས་སློབ་དཔོན་དགེ་བཤེས་ངག་དབང་ཕན་བདེ་ལགས་དང་མཇལ་བྱུང་བ་དང་། ཁོང་གིས་གསུངས་དོན། ༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་བཀའ་ཡིག་དེའི་དགོངས་དོན་ཆོས་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟgadentuba_11_november1ང་བསྟན་འཛིན་ལགས་སུ་གསུངས་པ་ཇི་བཞིན། དེ་རིང་ཆོས་ཚོགས་ཀྱི་ངོས་ནས་གོ་སྒྲིག་གིས་ཞབས་རིམ་ཁག་སྒྲུབ་ཀྱི་ཡོད་པ་རེད་ཟེར། དེ་རིང་ཞོགས་པའི་ཆུ་ཚོད་༩ ནས་ ༡༢ དང་ཕྱེད་ཀའི་བར། དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་དང་ དགེ་འདུན་པ་གྲངས་སུམ་ཅུ་ཙམ་གྱིས་དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྤྱན་རིས་གཟིགས་ཀྱི་ཆོ་ག་གསུངས་འདུག་པ་དང་། ཕྱི་དྲོའི་ཆུ་ཚོད་༤ དང་ཕྱེད་ཀ་ནས་༧ བར། དགའ་ ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་འཇིགས་བྱེད་དཔའ་བོ་གཅིག་པའི་གཉེན་པ་སྲུང་ཟིན་པའི་དགེ་འདུན་པ་བཅུ་གྲངས་ཀྱིས་དྲུག་ཅུ་མའི་ཆོ་ག་བཏང་སོང་། དེའི་རྗེས་སུ་སླར་ཡང་དགའ་ལྡན་ཁྲི་རིན་པོ་ཆེ་དང་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་སུམ་ཅུ་ཙམ་དབུ་བཞུགས་ཐོག ཆོས་ཚོགས་ཀྱི་ཚོགས་མི་རྣམས་དང་། ཨེ་ཊི་ལན་ཌར་བཅའ་བཞུགས་བོད་རིགས་མི་མང་བཅུ་གྲངས་ཡོད་པ་བཅས་ཁྱོན་བསྡོམས་མི་མང་༡༥༠ ཉེ་བ་འདུ་འཛོམས་ཐོག དགོང་མོའི་ཆུ་ཚོད་༧ དང་ཕྱེད་ཀ་ནས་༩ བར་ཤེས་རབ་སྙིང་པོ་གསོག་བསྒྲུབས་བྱས་སོང་།

སྤྱི་ལོ་ ༢༠༡༠ ལོའི་༧གོང་ས་མཆོག་གི་ཨེ་མོ་རིའི་ཆིབས་བསྒྱུར་སྐབས་དང་། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཚོགས་ཆེན་ཐེངས་དང་པོ་བཅས་ཀྱི་སྐབས་སུ་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ཚོགས་ནས་མི་ཤུགས་དང་རྒྱུ་ཤུགས་གཉིས་ཀ་རྩལ་ཏུ་བཏོན་ནས་ཧུར་ཐག་གནང་སོང་བ་དང་། ད་ཡང་འདི་ལྟར་ཉིན་ཧྲིལ་པོའི་ཞབས་རིམ་འདི་འདྲ་ཞིག་བསྒྲུབས་སོང་བས། བོད་རིགས་གྲངས་འབོར་ཆེས་ཉུང་ཤས་ལས་མེད་པའི་ཨེ་ཊི་ལན་ཌ་གྲོང་ཁྱེར་འདིར་མཚོན་ན། འབྲས་སྤུངས་བློ་གསལ་གླིང་ནི་བོད་ཀྱི་ཆོས་ལུགས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་དགོན་སྡེ་ཙམ་ལས་བརྒལ་ཏེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ལས་དོན་ཡོད་ཚད་ལ་མ་བསྐུལ་དང་བླངས་སྒོས་ཞབས་ཞུ་ཧུར་ཐག་བྱེད་བཞིན་པའི་ལས་ཁུངས་མ་ལག་ཅིག་ཏུ་ངང་གིས་གྲུབ་འདུག་ཨང་སྙམ་པའི་ཚོར་སྣང་ཞིག་སྐྱེས་སོང་ལ།
ཁྱབ་བསྒྲགས་བྱས་འདུག་པ་ཇི་བཞིན། ཟླ་འདིའི་སྤྱི་ཚེས་ ༦ ཉིན་ལ་ཡང་འབྲས་སྤུངས་བློ་གསལ་གླིང་དུ་འཆར་ཅན་བཞིན་བོད་ཀྱི་དུས་སྟོན་ཚུགས་རྒྱུ་ཡིན་པ་རེད།

དུས་སྟོན་འདིའི་ཐད་ལ་ཆོས་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་དགེ་བཤེས་ཡེ་ཤེས་ལགས་སུ་བཀའ་འདྲི་ཞུས་པས།
ཁོང་གིས་གསུངས་དོན། “བོད་ཀྱི་དུས་སྟོན་ཟེར་བ་འདི་ང་ཚོས་ངོས་ནས་འགོ་འཛུགས་ཀྱིས་ད་ལྟའི་བར་དུ་ལོ་གསུམ་ལས་འགོར་ཡོད་མ་རེད། འདི་འགོ་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་རིག་གནས་དང་། སྒྱུ་རྩལ།
ཁ་ཟས་སོགས་ངོ་སྤྲོད་བྱེད་པ་བརྒྱུད་ནས་གཙོ་བོ་ཡུལ་གྲུ་འདིར་བོད་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དེ་རེད་” ཟེར།
རྒྱ་ནག་གཞུང་གིས་ལོ་རེར་ཨ་སྒོར་ས་ཡ་མང་པོ་འགྲོ་སོང་བཏང་ནས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་འགྲེལ་བཞིན་ཡོད་ལ། ཨ་རིའི་ཡུལ་དུ་ཡང་བོད་ཟེར་བ་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ཁྱབ་བསྒྲགས་རྫུན་མ་དེ་ལས་གཞན་གང་ཡང་གོ་མེད་པའི་མི་ཧ་ཅང་མང་པོ་ཡོད་པས། བོད་ཀྱི་ཆོས་ཚོགས་ཁག་དང་། ལས་ཁུངས་དང་། བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་ཁག་སོ་སོའི་ངོས་ནས་འདི་ལྟའི་ལས་འགུལ་རེ་སྤེལ་བསྡད་པ་ཡིན་ན། དུས་ནམ་ཞིག་ལ་འཛམ་གླིང་ཧྲིལ་པོས་བོད་ནི་རྒྱ་ནག་གིས་བཙན་བཟུང་དང་གཉའ་གནོན་འོག་ཡོད་པའི་དོན་དངོས་འདི་ཤེས་རྟོགས་བྱུང་ནས། རྒྱ་ནག་དམར་གཞུང་གི་རྫུན་རྐུབ་རང་བཞིན་གྱིས་བརྡོལ་ཐུབ་པ་ནི་གདོན་མི་ཟ་བ་ཞིག་རེད།

“ཨེ་ཊི་ལན་ཌར་བཅའ་སྡོད་བྱེད་བཞིན་པའི་བོད་རིགས་ཉུང་ཤས་ཤིག་ལས་མེད་པས། ཆོས་ཚོགས་ཀྱི་ངོས་ནས་རང་ནུས་གང་ཡོད་ཀྱིས་འདི་ལྟའི་ལས་འགུལ་རིགས་གང་འཇོན་གྱིས་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད། བོད་ཀྱི་དུས་སྟོན་ལྟ་བུར་མཚོན་ན། ནམ་རྒྱུན་ཆོས་ཚོགས་ནས་ནང་ཆོས་ངོ་སྤྲོད་དང་འབྲེལ་ནས་བོད་ཀྱི་གནས་བབ་ངོ་སྤྲོད་བྱེད་པ་དང་མི་འདྲ་བར། ཨ་རི་བའི་ཕྲུ་གུ་ཚོར་བོད་ཡིག་གི་ཡིག་གཟུགས་འདྲ་མིན་ཐོག་ནས་རང་རང་གི་མིང་འབྲི་སྟངས་སློབ་པ་དང་། དེ་བཞིན་དུ་རྡུལ་ཚོན་གྱི་རི་མོ་འབྲི་ལུགས་སྟབས་བདེ་དེ་འདྲ་སློབ་པ། ད་དུང་འཆམ་འཁྲབ་པ་དང་། བོད་ཀྱི་གཞས་དང་། ཟས་རིགས་སོགས་ངོ་སྤྲོད་བྱེད་པ་བརྒྱུད་ནས། ཁོང་ཚོར་ཡིད་དུ་འོང་བའི་བོད་ཀྱི་རིག་གནས་འདི་ངོ་སྤྲོད་ཅིག་བྱེད་ཐུབ་པར་བརྩོན་གྱིན་ཡོད་པ་རེད། ང་ཚོས་ངོས་ནས་འདི་ལྟར་ངོ་སྤྲོད་ཅིག་བྱས་བཞག་པ་ཡིན་ན། ཁོང་ཚོས་དེ་ལ་དགའ་མོས་ཆེན་པོ་བྱེད་པ་དང་། དེར་མཐུད་ནས་ཡིད་དུ་འོང་བའི་རིག་གཞུང་འདི་ཉིད་ད་ལྟ་རྒྱ་དམར་གྱི་བཙན་གནོན་འོག་ནས་འཇིག་ལ་ཉེ་བ་ཤེས་ཡོང་དུས། རང་བཞིན་གྱིས་བོད་ཀྱི་གནད་དོན་ལ་སེམས་ཚོར་ཡོད་པའི་སྒོ་ནས་རྒྱབ་སྐྱོར་བྱེད་ཀྱིན་འདུག ” དགེ་བཤེས་ཡེ་ཤེས་ལགས་ཀྱིས་རང་གི་མྱོང་བའི་ཐོག་ནས་དེ་ལྟར་བཤད་བྱུང་།

རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་རྒྱ་རིགས་ཁྲི་ཕྲག་ལྷག་ཡོད་པའི་ཨེ་ཊི་ལན་ཌའི་གྲོང་ཁྱེར་འདིར་འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་དང་གྲྭ་པ་དག་ཕུད་པའི་ཤུལ་ན། གཏན་སྡོད་བྱེད་མཁན་གྱི་བོད་རིགས་ནི་བཅུ་གྲངས་བརྒལ་ཙམ་ལས་མེད་མོད། གྲོང་ཁྱེར་འདིར་སྤྱིའི་ཆ་ནས་བོད་དང་བོད་ཀྱི་གནས་བབ་སོགས་ཀྱི་ཐད་ལ་གོ་རྟོགས་གཏིང་ཟབ་ཡོད་མཁན་གྱི་གྲངས་འབོར་ནི་ཧ་ཅང་ཆེན་པོ་འདུག་པ་དེ་ཡང་། ཕྱོགས་གཅིག་ནས་བལྟས་ནས་ཆོས་ཚོགས་འདི་དང་། ཆོས་ཚོགས་འདི་བརྒྱུད་ནས་འབྲེལ་བ་བྱུང་བའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ལ་བརྟེན་ནས་བྱུང་འདུག་ཟེར་ན་ཡང་ཧམ་བཤད་དུ་གཏན་ནས་འགྲོ་མི་སྲིད་པ་ཞིག་རེད། ཡིན་དང་ཡིན། ༧གོང་ས་མཆོག་གི་མཛད་འཕྲིན་ནི་འདི་དག་ཡོད་ཚད་ཀྱི་མ་རྩ་ཡིན་པ་རེད།།

Share this:
༢༩ ཀློག་གྲངས།