གྲོང་ཁྱེར་ནང་དེབ་ཁང་མེད་ཅེས་པའི་རྩོམ་ཡིག་བཀླགས་པ་ལས་འཕྲོས་པའི་གཏམ།

 ཉེ་ཆར་དྲ་ལམ་ཁག་ཏུ་གྲོང་ཁྱེར་ག་གེ་མོ་ཞིག་ཏུ་དེབ་ཁང་མེད་ཅེས་པའི་རྩོམ་ཡིག་ཅིག་བཀླགས་པའི་ཚོར་སྣང་འབྲེལ་རང་བཞིན་མེད་པའི་སེམས་ནང་ལ་ཨ་ཁ་སྙམ་པའི་ཚོར་སྣང་སྐྱུར་མོ་ཞིག་སྦྱིན་བྱུང་ཞིང་། རྩོམ་ཡིག་དེ་དག་ནང་དུ་བཀོད་པའི་སྐད་ཅ་ཚང་མ་བདེན་མིན་ལ་མ་བལྟོས་པས་གྲོང་ཁྱེར་སྲིད་གཞུང་གི་ཁང་ཆེན་བརྒྱབ་པ་ཙམ་ལས་བོད་མི་རྣམས་ལ་ཤེས་ཡོན་ཡར་རྒྱས་ཡོང་ཆེད་དུ་དཔེ་དེབ་ལྟ་ཀློག་བྱེད་སའི་དཔེ་མཛོད་ཚད་ལྡན་བསྐྲུན་དགོས་པ་དེ་ཡང་བསྐྲུན་མེད་པ་ཨ་ཁ་སྙམ་པའི་སེམས་ཚོར་སྐྱུར་མོ་ཞིག་སྐྱེས་བྱུང་ལ། ས་གནས་སྲིད་གཞུང་གིས་དེ་དག་ཐོག་ཏུ་དོ་སྣང་བྱེད་དགོས་པ་དེ་གལ་ཆེ་དོན་ཆེ་ཞིག་ཀྱང་རེད་སྙམ་པ་བྱུང་ཞིང་། རྩོམ་ཡིག་དེ་ཉིད་སྐོར་ལ་བསམ་ཚུལ་གླེང་མཁན་མང་པོ་ཞིག་ཀྱང་འདུག །གང་ལྟར་དཔེ་དེབ་ཚོང་ཁང་མཚན་ཉིད་ཚང་བ་ཞིག་མི་འདུག་ཅེས་བརྗོད་ཀྱི་འདུག་ཅིང་།

          གང་ལྟར་རྒྱ་ཆེ་མི་དམངས་རྣམས་ཤེས་ཡོན་ཡར་རྒྱས་ཡོང་ཆེད་དུ་དཔེ་ཀློག་ལ་གོམས་པའི་མི་རིགས་ཤིག་བསྐྲུན་དགོས་ཤིང་། ས་གནས་སྲིད་གཞུང་གིས་གྲོང་ཁྱེར་འཛུགས་བསྐྲུན་གནང་བ་ནང་བཞིན་དེར་གནས་པའི་མི་དམངས་རྣམས་ལ་གནའ་དེང་གི་ཤེས་ཡོན་གོང་འཐོར་ཡོང་སའི་དཔེ་དེབ་ཚོང་ཁང་མིང་ཙམ་མ་ཡིན་པ་དེའི་ནང་དུ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གཞུང་ཆེ་ཁག་བླུ་ཡོན་ཞུ་རྒྱུ་ཡོད་པས་དེ་འདྲའི་དེབ་ཁང་བསྐྲུན་དགོས་པ་དང་། དེ་བཞིན་དེང་རབས་ཀྱི་བརྩམས་ཆོས་གྲགས་ཅན་སོགས་གང་འདོད་བླུ་ཡོན་ཞུ་རྒྱུ་ཡོད་པ་བཟོ་རྒྱུ་ནི་ཧ་ཅང་གལ་ཆེའི་གནས་སྟངས་ཤིག་ཀྱང་རེད་སྙམ།

          ལྷག་པར་དེང་སྐབས་ཤེས་ཡོན་ཅན་དུ་མ་ཞིག་ཡོད་ན་ངེས་པར་ཞིང་འབྲོག་མི་དམངས་རྣམས་ལ་ཤེས་ཡོན་ཐོག་ཏུ་དོ་སྣང་བྱེད་དགོས་པའི་སྐུལ་དེད་གཏོང་དགོས་ལ། ད་ནི་ང་ཚོ་དུས་རབས་ཉེར་གཅིག་ཏུ་སླེབས་ཟིན་པས་དུས་རབས་ཀྱི་འཕོ་འགྱུར་དང་མཐུན་པའི་བསམ་བློ་གཏོང་ཕྱོགས་ལ་འགྱུར་བ་གཏོང་དགོས་པ་ཞིག་ཀྱང་རེད། ཁ་ལ་ཟ་རྒྱུ་དང་རྒྱབ་ཏུ་གྱོན་རྒྱུ་བྱུང་བ་ཙམ་གྱིས་དེའི་འགྲིགས་འགྲོ་ཡི་རེད་སྙམ་པའི་བསམ་བློའི་འདུ་ཤེས་འཛིན་སྟངས་དེ་དག་འདོར་ཏེ་ངེས་པར་མདུན་བསྐྱོད་བྱེད་དགོས་པ་ཞིག་ལས་མི་གཞན་གྱིས་ཅི་ཟེར་གྱི་ཁ་ལ་ཉན་པ་ལས་རང་ཉིད་རྣམ་དཔྱོད་བེད་སྤྱོད་བྱེད་མི་ཤེས་པས་མི་རིགས་ཤིག་ཏུ་མི་འགྱུར་བ་བྱེད་དགོས་པ་དེ་རེད།

          ལྷག་དོན་དེང་སྐབས་དགོན་པ་ཁག་གིས་ནང་དོན་རིག་པ་ཅི་གཅིག་པུ་མ་ཡིན་པར་བརྡ་སྤྲོད་རིག་པའི་གཞུང་ལུགས་ཁག་ཀྱང་སློབ་ཁྲིད་གནང་གི་ཡོད་ཅིང་། དེ་དག་ནི་གལ་ཆེན་པོ་ཞིག་རེད་སྙམ། སྔོན་མ་ཡིན་ན་ནང་དོན་རིག་པ་ལས་བརྡ་སྤྲོད་སྐོར་ལ་དོ་སྣང་གནང་གི་མེད་པ་འདྲ་བས། དགེ་བཤེས་སྐད་གྲགས་ཅན་ཡིན་ནའང་ཡི་གེ་མཚན་ཉིད་ཚང་མ་ཞིག་བྲིས་མི་ཤེས་མཁན་ཡོད་རབས་རབས་རྒན་རབས་རྣམས་ཀྱི་ངག་ནས་གོ་མྱོང་ཡོད་ཅིང་། བདེན་མིན་མི་ཤེས། དེང་སྐབས་ནི་དེ་འདྲ་མ་ཡིན་པ་གྲ་ས་ཁག་གཙོས་ཆོས་སྡེ་ཁག་ཏུ་ནང་དོན་རིག་པའི་གཞུང་ལུགས་ཀྱི་ཞོར་ལ་བརྡ་སྤྲོད་རིག་པ་སློབ་ཁྲིད་གནང་གི་ཡོད་པ་དེ་ནི་ཧ་ཅང་གི་དུས་རབས་མཐུན་པ་ཞིག་ཀྱང་རེད་སྙམ།

          ལྷག་པར་ང་ཚོ་ཤེས་དགོས་པ་ཞིག་ནི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་བདག་གཅེས་གནང་མཁན་ནི་དགོན་སྡེ་ཁག་ཡིན་ཞིང་། ཁོང་རྣམ་པས་སྐུ་དྲིན་ལ་བརྟེན་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མ་ཉམས་པ་གསོན་པོ་གནས་ཐུབ་པ་བྱུང་ཡོད།

          དེ་བཞིན་གཞིས་བཞུགས་དགེ་འདུན་པ་བསླབ་པ་མཐར་སོན་རྣམས་སྤྱི་ཚོགས་ནང་དུ་ཕེབས་ནས་རྒྱ་ཆེ་ཞིང་འབྲོག་མི་རྣམས་ལ་གནའ་དེང་ཤེས་ཡོན་གྱི་སློབ་གསོ་གནང་དང་གནང་མུ་ཡིན་ཞིང་། ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་འོས་པ་ཞིག་དང་། ཞུ་དགོས་པ་ཞིག་ཀྱང་རེད་སྙམ། ད་དུང་ནུས་་ཤུགས་གཅིག་ཏུ་སྤུངས་ཏེ་འབད་བརྩོན་གནང་སྟེ་ངེས་པར་ང་ཚོའི་མི་རིགས་འདི་ཉིད་མདུན་སྐྱོད་ཡོང་བ་སྐུལ་དེད་གཏོང་དགོས་ཤིང་། དེ་འདྲའི་གནང་བ་ཡིན་ན་ཕན་ཐོགས་ངེས་ཅན་ཡོང་གི་རེད་ལ། དེ་འདྲའི་གནས་སྟངས་འོག་ནས་གནའ་དེང་ཡ་མ་བྲལ་བའི་སྤྱི་ཚོགས་འཕེལ་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་རྨད་བྱུང་འབུལ་ཐུབ་ཀྱི་རེད་སྙམ།  

          གོང་དུ་རོབ་ཙམ་ཞིག་བརྗོད་ཟིན་ལྟར་དེང་སྐབས་བོད་ཀྱི་གྲོང་ཁྱེར་ཆེ་ཁག་འགའ་ཤས་ནང་ལ་དཔེ་དེབ་ཚོང་ཁང་མཚན་ཉིད་ཚང་བ་ཞིག་མེད་ལུགས་དང་། དཔེ་དེབ་ཚང་ཁང་མེད་པ་དེས་མི་མང་གི་དེབ་ཀློག་ལ་གོམས་གཤིས་མེད་པ་སོང་། དཔེ་དེབ་ཚོང་ཁང་སྒེར་པའི་གཉེར་ཡང་ཁུངས་འཁྱོལ་ཐུབ་ཀྱིས་མེད་ཚུལ་སོགས་ཀྱི་བསམ་ཚུལ་ཚ་ཚ་འུར་འུར་ངང་ནས་རྗོད་བཞིན་མཆིས། འོན་ཀྱང་བསམ་བློ་གཅིག་བཏང་བ་ཡིན་ན་དཔེ་དེབ་ཚོང་ཁང་ཡོད་པ་ཙམ་གྱིས་གནས་དེར་མི་དམངས་ལ་ཤེས་ཡོན་ཅན་ཤ་སྟག་དང་། དཔེ་དེབ་ཚོང་ཁང་མེད་ན་གནས་དེར་གནས་པའི་མི་རྣམས་ཤེས་ཡོན་མེད་པའི་བླུན་པོ་ཅན་ཤ་སྟག་ཡིན་དགོས་པ་ཁྱབ་པ་གང་ཞིག་མེད་སྙམ།

          འོན་ཀྱང་བསམ་གཞིགས་ཡག་པོ་ཞིག་གནང་དགོས་པ་ཞིག་ལ་དེང་རབས་ཀྱི་གྲོང་ཁྱེར་ཅན་དུ་བསྒྱུར་ཡིན་ཚུལ་འཛམ་གླིང་གི་ས་ཕྱོགས་གང་སར་ས་བསྒྲགས་གནམ་བསྒྲགས་ཀྱིས་ཁ་ཕོ་བསྒྲགས་དང་སྒྲོག་ཡོད་མོད། དོན་དག་ཡང་སྙིང་དེབ་ཁང་མེད་པའི་གྲོང་ཁྱེར་ཞིག་ཏུ་བསྒྱུར་ཡོད་པ་དེ་རེད། དེར་གནས་པའི་མི་རྣམས་ཀྱི་བསམ་བློ་ཞིབ་ཚགས་བཏང་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་མི་འདུག་གམ། དེང་རབས་ཅན་གྱི་གྲོང་ཁྱེར་ལ་བསྒྱུར་རྗེས་ངེས་པར་དེང་རབས་དང་མཐུན་པའི་དཔེ་དེབ་ཚོང་ཁང་དང་། དེང་རབས་དང་མཐུན་པའི་དཔེ་མཛོད་ཁང་སོགས་བསྐྲུན་དགོས་པ་ཞིག་རེད་མ་གཏོགས་ཁང་ཆེན་རི་རབས་འདྲ་བ་འགའ་ཤས་གསར་རྒྱབ་སྟེ་དེང་རབས་ཀྱི་གྲོང་ཁྱེར་ལ་བསྒྱུར་ཡིན་ཚུལ་བརྗོད་པ་དེ་འདྲའི་ཡ་མཚན་ཞིག་མ་རེད་དམ། གྲོང་ཁྱེར་ནང་ལ་དཔེ་མཛོད་ཁང་ཚད་ལྡན་ཞིག་མེད་ན་དེ་ནི་ཧ་ཅང་ཐབས་སྐྱོ་པོ་ཞིག་ཡིན་པ་ཙམ་དུ་མ་ཟད། ཕྱི་ནང་མི་རིགས་སུ་འདྲ་ཞིག་གིས་མཐོང་ནའང་གནས་དེ་ཤེས་ཡོན་མེད་པའི་གྲོང་ཁྱེར་རེད་འདུག་བསམ་པའི་བསམ་བློ་འཁོར་སྲིད་པ་ཞིག་རེད། དེ་དག་གནས་དེར་ཡོད་པས་འབྲེལ་ཡོད་ཚོས་དེའི་ཐོག་ཏུ་དོ་སྣང་བྱེད་དགོས་པ་ཞིག་ཀྱང་རེད་ལ། དོ་སྣང་མ་བྱས་ཀ་མེད་རེད་སྙམ།

          ལྷག་པར་གོང་ཞུས་ལྟར་གྲོང་ཁྱེར་ནང་དུ་དཔེ་མཛོད་དང་འགྲེམས་སྟོན་ཁང་སོགས་ཡོད་དགོས་པ་དེ་ནི་གནད་དོན་གལ་ཆེ་ཞིག་ཀྱང་ཡིན། དེ་བཞིན་གྲོང་ཁྱེར་ལ་ཚང་དགོས་པའི་གནད་དོན་ཞིག་ཀྱང་རེད། མི་ཞིག་གིས་ལོ་རྒྱུས་ཞིབ་འཇུག་ཅན་ཞིག་བྲིས་དགོས་ན་གནས་དེར་དཔེ་དེབ་ཉོ་ས་དང་། དཔེ་མཛོད་ཁང་མེད་ན་ལོ་རྒྱུས་ཀྱི་ཉམས་ཞིབ་རྒྱུ་ཆ་མ་རགས་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་ནི་བརྗོད་མ་དགོས་པ་ཞིག་རེད། གནས་དེར་དཔེ་དེབ་ཚོང་ཁང་དང་། དཔེ་མཛོད་ཁང་ཡོད་ཚེ་རིམ་པས་མི་རྣམས་དེབ་ཉོ་སའི་ཚོང་ཁང་དུ་འགྲོ་ནས་དེབ་ཉོ་བ་དང་། དཔེ་མཛོད་ཁང་ལ་རིམ་པས་འགྲོ་ནས་དཔེ་ཀློག་གི་གོམས་གཤིས་སླེབས་ཡོང་གི་རེད་སྙམ། དེ་དག་མེདཚེ་དཀའ་ལས་ཁག་པོ་རེད།

          ཞིང་འབྲོག་རྒྱ་ཆེ་མི་དམངས་རྣམས་ཀྱང་ད་ནི་རྣམ་གཡེང་བྱེད་པའི་དུས་ཚོད་གཅིག་གཏན་ནས་མིན་ལ། ཆུ་ཚོད་སྐར་མ་དམ་འཛིན་གནང་ནས་ཤེས་ཡོན་གོང་འཕེལ་ཡོང་བར་ལ་ནམ་ཞག་རྒྱུན་དུ་ནས་འབད་བརྩོན་བྱེད་དགོས་ཤིང་། མི་ལ་ཤེས་ཡོན་མེད་སོང་ན་སྤྱི་ཚོགས་དེ་ཉིད་དུས་ནམ་ཡང་ཡར་རྒྱས་མི་འགྲོ་བ་ནི་དངོས་མཐོང་ལག་ཟིན་གྱིས་གནད་དོན་ཞིག་ཀྱང་རེད།

          ལྷག་པར་གཞིས་ལ་ཡོད་པའི་ཕ་མ་སྤུན་མཆེད་རྣམས་ཀྱི་སོ་སོའི་བུ་ཕྲུག་རྣམས་སློབ་གྲྭར་གཏོང་ཐབས་བྱེད་དགོས་པ་ལས་ནང་གི་ལས་ཀ་ཙག་ཙིག་གི་ཆེད་དུ་ནང་ལ་གཏན་ནས་ཉར་མི་རུང་ཞིང་། དེང་སྐབས་བོད་ཕྱི་ནང་གཉིས་ཀ་ལ་ཡག་སྡུག་ལ་མ་བལྟོས་པའི་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཅིག་ཡོད་དུས་དེ་ཉིད་སོ་སོ་རང་ཉིད་ཀྱིས་གོ་སྐབས་དམ་འཛིན་གྱིས་ཐོབ་ཐང་ལེན་དགོས་ཤིང་། ཡང་ཕུགས་རྒྱང་འཐུང་བས་ཕ་མ་འགས་ཀྱིས་རང་ཉིད་ཀྱི་བུ་ཕྲུག་སློབ་གྲྭ་དེ་དག་ནང་ལ་བཏང་བ་ཡིན་ན་མ་འོངས་པར་ཕྲུ་གུ་དེ་ཉིད་རྒྱ་མིན་བོད་མིན་ཞིག་ཏུ་གྱུར་འགྲོ་རེད་སྙམ་པའི་གུ་དོགས་ཀྱི་བསམ་བློ་དེ་དག་འདོར་ནས་ཕུགས་རྒྱང་རིང་པོ་དགོངས་པ་བཞེས་ནས་ངེས་པར་སློབ་གྲྭར་ཕྲུ་གུ་ཚུད་ཐབས་དང་གཏང་ཐབས་བྱ་རྒྱུ་དེ་ནི་གལ་ཆེ་རང་བཞིན་ཡིད་དྲན་གྱི་འདུག་ཅིང་། གཅིག་བྱས་ན་ང་རང་བློ་བསམ་བློ་གཏོང་སྟངས་ནོར་ཡོད་སྲིད། གང་ལྟར་ཡག་ཉེས་ལ་མ་ལྟོས་པའི་ཤེས་ཡོན་ཐོག་ཏུ་འབད་སྤུངས་བྱེད་དགོས་པ་དེ་རེད། ད་སྐབས་ང་ཚོ་མི་རིགས་འདི་ལ་ཕྲག་དང་མིག་ཆུ་འོག་ཏུ་ལོ་ཟླ་བསྐྱེལ་དགོས་པ་བྱུང་བ་འདི་ནི་འགོ་དམངས་ལ་ཤེས་ཡོན་ཚད་ལྡན་མེད་པའི་གནས་སྟངས་ལ་བརྟེན་ནས་ཐབས་སྐྱོའི་འདི་ཉིད་བྱུང་བ་ཞིག་རེད། ང་ཚོར་དེང་རབས་ཀྱི་ཤེས་ཡོན་རྗེས་ཟིན་པ་ཡོད་ན་ད་ལྟ་བོད་ཀྱི་གནས་སྟངས་ཐབས་སྡུག་འདི་ཉིད་འབྱུང་མི་སྲིད་པ་དེ་རེད། དེ་དག་ཡིད་དུ་བཟུང་ནས་ད་ནི་ང་ཚོ་མདུན་སྐྱོད་གང་ཐུབ་བྱེད་དགོས་པ་དེ་རེད།

          དེར་བརྟེན་ངེས་པར་སློབ་གྲྭ་གཏོང་དགོས་པ་ཞིག་རེད། ན་གཞོན་རྣམས་ཀྱིས་སྙིང་རུས་བསྐྱེད་ནས་སློབ་སྦྱོང་ལ་བརྩོན་དགོས་ལ། ང་ཚོའི་མི་རིགས་འདི་ཉིད་སྔོན་ཐོན་ལ་སླེབས་ཐབས་བྱེད་དགོས་བསམ་པའི་ཀུན་སློང་རྣམ་པར་དག་པ་བཅངས་ནས་ཤེས་ཡོན་ལ་བརྩོན་དགོས། དེང་སྐབས་སྤྱི་ཚོགས་ཀྱི་དཔལ་འབྱོར་ཁྲ་ཁྲ་ཟིང་ཟིང་ལ་མགོ་མ་འཁོར་བའི་ཐོག་ནས་ང་ཚོ་མི་རིགས་འདི་ཉིད་ལ་ཕན་པའི་ཤེས་ཡོན་སྦྱོང་དགོས་པ་དེ་རེད།

          དེ་བཞིན་དེང་སྐབས་ན་གཞོན་འགའ་ཤས་གྲོང་ཁྱེར་གྱི་ཁྲ་ཟིང་མཐོང་བ་དང་། དེ་དག་ལ་མགོ་འཁོར་ནས་བག་མེད་ཀྱི་འཚོ་བ་ལོངས་སུ་རོལ་ནས་ཐག་མ་འཐེན་པ་དང་། ཆང་ཚོད་མེད་འཐུང་བ་སོགས་བྱེད་ཅིང་། དེ་དག་ནི་སོ་སོ་རང་ཉིད་ཀྱིས་གཟི་བརྗིད་གཅིག་ལ་རློམ་མཁན་ཡོད་ཅིང་། དེ་འདྲའི་དབང་གིས་ན་གཞོན་འགའ་ཤས་མི་ཚེ་འཕྲོག་ལྷག་འགྲོ་བཞིན་ཡོད་པ་རེད། དེ་དག་ནི་ཧ་ཅང་གི་སེམས་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ཀྱང་རེད་ལ། དེ་བཞིན་སློབ་གྲྭ་འགའ་ཤས་ནང་ལ་སྨྱོ་རྫས་བེད་སྤྱོད་བྱེད་མཁན་ན་གཞོན་རེ་བཟུང་ཡོང་གི་ཡོད་ཅིང་། དེ་དག་ལ་སློབ་གྲྭ་སོ་སོའི་འབྲེལ་ཡོད་ཚོས་དེ་དག་མི་ཡོང་བ་ཆེད་དུ་ནམ་ཞག་རྒྱུན་ཐུགས་སྣང་བྱེད་དགོས་པ་རེད་ལ།   དེ་འདྲའི་སློབ་གྲྭ་ནང་ཡོད་པ་མཐོང་ཚེ་སྦས་བསྐུངས་མ་ཡིན་པར་དེ་དག་ལ་དང་ཐོག་ནས་སློབ་གསོ་གནང་དགོས་པ་ལས་ཞེད་སྣང་གཏན་ནས་བསྐུལ་མི་རུང་བ་ཞིག་རེད། ཞེད་སྣང་བསྐུལ་བ་ཡིན་ན་ཕན་ཐོགས་ཅི་ཡང་མེད་ཅིང་། ལྷག་པར་ཐག་མས་མིའི་ལུས་པ་ལ་ཧ་ཅང་གནོད་འཚབ་ཆེན་པོ་བྱེད་ཀྱི་ཡོད་པས། དེང་སྐབས་ཚན་རིག་པ་རྣམས་ཀྱི་བརྗོད་ཀྱི་ཡོད་ལ། ལུང་པ་འགའ་ཤས་ཀྱིས་མི་དམངས་འདུ་འཛོམས་ཡོད་སར་ཐག་མ་འཐེན་མི་ཆོག་པ་ཁྲིམས་ལུགས་ཀྱང་བཟོས་ཡོད་པ་རེད། དེ་བཞིན་སྨན་ཁང་ལ་ནང་ལ་ཐག་མ་རྩ་བ་རང་ནས་འཐེན་ཆོག་གི་མེད་པ་བཟོས་ཡོད། ཐག་མས་དུ་རླངས་དེས་གཡས་གཡོན་གྱི་མི་ལ་གནོད་ཀྱི་ཡོད་པ་རེད་ཅེས་པ་འདི་ནི་ཆབ་མདོ་ངག་དབང་ཕུན་ཚོགས་ཀྱིས་ཕྱི་ལོ་༢༠༡༩ ཟླ་༡༢ ཚེས་༢༦ ཉི་འཛིན་ཉིན་མོར་ཕུལ།

Share this:
༥༡༠ ཀློག་གྲངས།