བོད་ཀྱི་སྐད་ཡིག་གི་བདག་དབང་དགོས་མཁན་མི་འདུག

དེའང་དེང་སང་བོད་ནང་གི་སློབ་མ་ཁག་ཅིག་གིས་བོད་ཡིག་གི་སློབ་ཚན་སྔོན་མ་ལྟར་རང་འཇག་སློབ་ཁྲིད་བྱེད་དགོས་ཟེར་བ་དང་། དེ་དག་ལ་བོད་ནང་གི་ཤེས་ཡོན་པ་ཡིན་ཟེར་མཁན་དང་ལས་བྱེད་ཟུར་པ་ཚོས་ཀྱང་། རང་སྲོག་རྟ་རྔ་ཙམ་དེ་ལ་མ་འཛེམ་པ་རྒྱབ་སྐྱོར་བྱེད་ཁུར་བྱེད་ཀྱིན་འདུག དེ་དང་ཅལ་འགྲོགས་ཞིག་གིས་བཙན་བྱོལ་ནང་གི་སློབ་མ་མང་པོ་ཞིག་གིས་སྐད་ཅོར་འདོད་ལ་མི་འདོད་ལ་ཞིག་རྒྱག་ཁུལ་བྱས་བྱུང་། གནས་ཚུལ་འདི་གཏིང་ཟབ་ས་དང་ཕུགས་གསལ་ས་ནས་གཞིག་ན། བོད་གཞིས་བྱེས་གཉིས་ཀྱི་རེ་བ་བཅོལ་སའམ། བློ་ཕུགས་གཏད་ས་ངོ་མ་དེ་ནི། བཙན་བྱོལ་གཞུང་འདི་ཡིན་པའི་ཚུལ་རེད་འདུག གཞུང་དེའི་འཐབ་རྩོད་ཀྱི་ཁ་གཏད་ལྟ་བུ་དེ། གུང་ཁྲན་ཏང་ཡིན་རབས་རེད།

ངས་གནད་དོན་འདི་དྲི་བ་གཉིས་དང་སྦྱར་ནས་བཤད་འདོད

1 )གཞུང་འདིའི་རྩ་དོན་གྱི་འཐབ་རྩོད་དེ་ཅི་ཞིག་རེད་དམ།

2 )ད་ལྟ་གཞུང་དེས་བོད་ཀྱི་སྐད་ཡིག་གང་འདྲས་བེད་སྤྱོད་བྱེད་ཀྱིན་འདུག་གམ།

དྲི་བ་དང་པོའི་ལན། བཙན་བྱོལ་བོད་གཞུང་གི་འཐབ་རྩོད་ཟེར་ཡང་བཀའ་ཤག་གི་འཐབ་རྩོད་དངོས་མ་ནི། རང་བཙན་མ་རེད་ལ། ཚད་མཐོའི་རང་སྲིད་རང་སྐྱོང་ཡང་མ་རེད། དེ་མིན་གང་རེད་ཟེར་ན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཟེར་བ་དེ་རེད། མདོར་དོན་དེའི་ཆ་རྐྱེན་གྱི་ཐད་ནས་དཔྱད་ཡོང་དུས། ད་ལྟ་གུང་ཁྲན་ཏང་གིས་བཞག་པའི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་དེ་ལག་ལེན་དངོས་སུ་བསྟར་དགོས་པ་ཙམ་རེད། ཡིན་ནའང་ཁེངས་དྲེགས་ཀྱིས་གནམ་རིམ་པ་དགུའི་ཡང་སྟེང་འཛེགས་ཤིང་། སྐྱག་པའི་ཁྲི་རིམ་པ་བཅོ་བརྒྱད་ཀྱི་ཐོག་ན་འགྱིང་པའི་རྒྱ་དམར་གཞུང་གིས་ཨ་ལན་མ་བྱས་པའམ། དེས་ཀྱང་མི་འགྲིག་པའི་ཚད་བརྒལ་གྱི་ཁྱད་གསོད་དང་མཐོང་ཆུང་གིས་འདོད་བློ་མ་ཁེངས་པའི་རྣམ་འགྱུར་གསལ་པོར་བསྟན་ཡོད།

དེའི་རྗེས་ཙམ་ན་བཀའ་ཤག་སླ་མོས། བོད་མི་ཚོ་ལ་གུང་ཁྲན་ཏང་མི་དགའ་བའི་འབོད་སྒྲ་དང་། མིང་འདོགས་བཏགས་མི་ཆོག་པའི་བཀའ་ཕབ་ཅིང་། ཁྲིམས་སུ་བཅས་ནས་གང་འགྱོགས་འགྱོགས་ཡིག་ཆ་དེའི་མཆན་འགྲེལ་ཁ་གསལ་ཅན་ཞིག་ཕུལ་ས་ཨེ་རག་བལྟས་རྗེས་ས་སྲོད་ཅིག་ལ་ནག་འཐོམ་མེར་བརྫངས། སྟབས་ལེགས་པ་ཞིག་ལ་ཁོ་ཚོས་ད་དུང་ཡང་ངོས་ལེན་བྱས་མེད། དེ་ནི་བོད་མི་མང་ཚོགས་ལ་མཚོན་ན་རླུང་རྟ་རི་རྒྱལ་རྩེ་ལ་དར་བའི་ལམ་འགྲོ་ཞིག་ཡིན། གུང་ཁྲན་ཏང་གིས་བོད་མི་རིགས་འདི་རང་སའི་ཐོག་ཏུ་གནས་སྡོད་བྱ་མི་ཐུབ་པས་མ་ཚད། འཛམ་གླིང་ཐོག་རྗེས་ཤུལ་མེད་པ་བྱས་ཏེ། མི་རིགས་དུང་ཕྱུར་བཅུ་གཉིས་དེ་ལྷོད་ལྷོད་བྱས་ནས་བསྡད་དགོས་དྲན་པའི་ཧམ་སེམས་ལ་འགྱུར་བ་མ་བཏང་བ་རེད། གང་ལྟར་ཡང་། བཀའ་ཤག་གིས་རྩོད་ཀྱིན་པའི་སྲིད་བྱུས་དེར་གྲུབ་འབྲས་བྱུང་ན། སྐབས་དེར་ད་ལྟའི་གུང་ཁྲན་ཏང་གིས་ཡག་པོ་ཞིག་བྱས་ནས་བཞག་གི་རེད་དམ། གཏན་ནས་འཇོག་གི་མ་རེད། གུང་ཁྲན་ཏང་ལ་གཅིག་མ་གཏོགས་གཉིས་ཡོད་མ་རེད། ད་ལྟ་བཞིན་བོད་ཕྱི་ལོག་ནས་ཤུགས་སྣོན་རྒྱག་མཁན་མེད་རྗེས། ད་ལྟ་ལས་ཇེ་སྡུག་དང་། ཇེ་གནག་འགྲོ་ངེས་ཡིན་རེད། རྒྱུ་མཚན་འདི་ལ་བརྟེན་ནས་ད་ལྟའི་བོད་པའི་སློབ་མ་ཚོ་དང་ཤེས་ཡོན་པ་ཚོས་རང་སྡུག་ཉོ་བྱེད་ཙམ་མ་རེད་དམ། བཀའ་ཤག་གིས་ནི་གདུག་ཅིང་རྩུབ་པའི་དགྲ་བོ་རྒྱ་དམར་ལ་མགོ་འདོགས་ཀྱིན་འདུག་གོ།

དྲི་བ་གཉིས་པའི་ལན། ད་ལྟའི་བཀའ་ཤག་གིས་སྟངས་འཛིན་བྱས་པའི་རང་དབང་ལུང་བའི་ནང་གི་བཙན་བྱོལ་གཞུང་འདིའི་ལས་ཁུངས་མ་ལག་རེད། དེའི་ཁྱབ་ཁོངས་སུ་གཏོགས་པའི་སློབ་གྲྭ་ཁག་རེད། དེས་མ་ཚད་སྣེ་ཁྲིད་དེའི་འོག་ཡོད་པའི་རང་དབང་ལྡན་པའི་མི་མང་ཚོས། བོད་ཀྱི་སྐད་ཡིག་ལ་ཁོར་ཡུག་གང་འདྲ་ཤིག་བསྐྲུན་གནང་འདུག ཁོར་ཡུག་དེའི་ནང་དུ་ནམ་རྒྱུན་འཚོི་བའི་ཁྲོད་ནས་བཟུང་བེད་སྤྱོད་ག་ཚོད་གཏོང་གིན་འདུག བེད་སྤྱོད་དང་ལག་ལེན་དེའི་ཁྲོད་ནས་ད་ལྟའི་བཙན་བྱོལ་གཞུང་མང་གཉིས་པོའི་བོད་ཀྱི་སྐད་ཡིག་གི་སྤྱོད་ཚད་གང་འདྲས་སླེབས་འདུག བདག་ཉར་གང་འདྲས་བྱས་འདུག་ཟེར་ནས་དྲི་བ་རྣམས་རེ་རེ་བཞིན་སླེབས་ཡོང་བ་ཡིན་ན། བཙན་བྱོལ་གཞུང་འདིའི་ལས་ཁུངས་མ་ལག་རྣམས་ཀྱི་ནང་། བོད་ཀྱི་སྐད་ཡིག་རང་གི་ཐོག་ནས་ལས་དཀའ་འགྲོ་ཐུབ་པ་ཞིག་དང་། ལས་རིམ་ཆ་ཚང་འགྲོ་ཐུབ་མཁན་ཞིག་གཏན་ནས་མི་འདུག་ཟེར་རྒྱུ་དང་། ལས་ཤོག་དང་སྒོ་བྱང་། ཐ་ན་གྲངས་ཀ་ཞིག་བརྩིས་ཀྱང་། ཡིག་ཐམ་ཞིག་རྒྱབ་ཀྱང་དེ་དག་དབྱིན་ཡིག་ཐོག་ནས་བེད་སྤྱོད་བྱེད་ཀྱིན་འདུག་ཟེར་རྒྱུ་རེད།

ཡིད་མ་ཆེས་ན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཁང་ཆེ་བ་བདེ་ལེགས་སྨན་ཁང་དང་། བོད་གཞུང་གི་བུ་ཁྱིམ་སློབ་གྲྭའི་སློབ་གྲྭ་ལྟེ་བ་རྡ་སྟེང་བུ་ཁྱིམ། དེ་བཞིན་སྦེལ་ཀོབ་ཀྱི་འཕྲོད་བསྟེན་སྨན་ཁང་དང་། འགོ་འཛིན་ལས་ཁུངས་སོགས་ཀྱིས་མཚོན་པའི་སྒོ་བྱང་དག་ལ་བལྟས་ན་གསལ་པོར་ངེས་ཐུབ། སློབ་གྲྭ་ཁག་གི་སློབ་ཚན་ལ་བཞིགས་ན། བོད་ནང་ཡོད་པ་ནང་བཞིན། ཚན་རིག་གིས་གཙོས་པའི་སློབ་ཚན་བྱེ་བྲག་པ་ཚང་མ་བོད་ཡིག་ནང་ཡོད་དམ། དེ་ནི་མཐུས་སྒོ་ཚང་པོ་ཞིག་ད་དུང་བཟོས་མེད། དེ་ཙམ་དུ་མ་ཟད། བོད་ཡིག་གི་སློབ་ཚན་རྒྱལ་རབས་ཆོས་འབྱུང་། སུམ་རྟགས་འདི་ཚོའང་སྤུས་དག་ཞིག་དང་། སློབ་ཚན་རན་པོ་ཞིག ཕྱི་ནང་གི་དེབ་གཟུགས་དང་མཛེས་རིས་བཀོད་པ་སོགས་ཧ་ཅང་སྐྱོ་བོ་ཡིན། གལ་སྲིད་བུ་ཁྱིམ་སོགས་བཙན་བྱོལ་གཞུང་སྒེར་གང་ཞིག་གི་སློབ་ཐོན་པ་ཞིག་ལ། བོད་ཡིག་གི་གནས་ཚད་ཡག་པོ་ཡོད་པ་ལས་སྐད་ཡིག་གཞན་ཧ་ཅང་སྐྱོ་བོ་ཡིན་ན། དེའང་གཞུང་ཞབས་སོགས་ལས་གནས་ཐོག་ཚུད་རྒྱུར་ཧ་ཅང་ཁག་པོ་རེད། དེ་ཙམ་དུ་མ་ཟད་སློབ་གྲྭ་ཁག་ཏུ་བོད་ཡིག་གཅིག་པུ་ལས་ཡིག་རིགས་གཞན་མ་ཤེས་ན་སློབ་དགེའི་ས་མིག་ཀྱང་རག་གིན་མེད།

རྒྱུ་མཚན་འདི་དག་ལ་བསྟེན་ནས། བོད་ཕྲུག་ཚོའི་ཕ་མས་ཀྱང་བོད་ཡིག་སྦྱོང་ན་ལས་དཀའ་རག་གི་མ་རེད་ཟེར་བ་སོགས་ཀྱི་གནས་ཚུལ་ཡོང་གིན་ཡོད་ལ། ཕྲུ་གུ་ཚོས་ཀྱང་དེ་བཞིན་དོ་དབྱིངས་ཆེན་པོ་མ་སྤྲད་པ་རང་བཞིན་གྱིས་བོད་ཡིག་གི་ཆུ་ཚད་དམན་པོ་ཆགས་བཞིན་ཡོད། དེའི་དཔེར་མཚོན་ནི། བཙན་བྱོལ་ནང་གཅིག་ཏུ་སློབ་གྲྭ་སོང་བའི་ཕྲུ་གུ་ཚོ་འཛིན་གྲྭ་བཅུ་གཉིས་ཐོན་རྗེས། བསྐུར་ཡིག་ཞིག་ཀྱང་འབྲི་མི་ཤེས་པའི་གནས་སྟངས་ལྷག་ཡོང་གིན་ཡོད་པ་རེད། བྱེད་སྟངས་འདི་དག་གིས་བོད་ཀྱི་སྐད་ཡིག་ལ་ཡང་དག་པའི་ཁོར་ཡུག་ཞིག་བསྐྲུན་མེད་པ་དང་། ཁོར་ཡུག་ཡག་པོ་ཞིག་མེད་པའི་ཉེར་ལེན་ལ་བརྟེན་ནས། གཞིས་ཆགས་ཚོ་མི་དགོས། གསར་འབྱོར་བ་ཚོ་ཡིན་ནའང་ལོ་རེ་ཉིས་ཙམ་ནས། ཧིན་དབྱིན་འདྲེས་མའི་བོད་སྐད་རྒྱག་ཀྱིན་པའི་གནས་ཚུལ་ལྷག་བཞིན་ཡོད། དེ་ལས་ཀྱང་ཡ་མཚན་པ་ཞིག་ལ། ༧གོང་ས་མཆོག་དང་། བཀའ་བློན་ཁྲི་བས་ཀྱང་ཧིན་དབྱིན་གྱི་ཚིག་ཞིག་བེད་སྤྱོད་མ་བྱས་ན་མ་འགྲིག་པའི་ཟོལ་གྱིས། བཀའ་སློབ་ཞིག་མ་གནང་ན་མ་གཏོགས་དེ་དག་གི་མིང་ཚིག་གང་ཞིག་སྤྱོད་ཀྱིན་ཡོད་པ་ནི། འདས་པའི་ལོ་རྒྱུས་ནང་བྱུང་བའི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། རྒྱུ་མཚན་འདི་ལ་བརྟེན་ནས་ད་ལྟའི་བོད་པའི་སློབ་མ་ཚོ་དང་ཤེས་ཡོན་པ་ཚོས་རང་སྡུག་ཉོ་བྱེད་ཙམ་མ་རེད་དམ། རང་དབང་ལུང་པའི་ནང་གི་བོད་གཞུང་མང་གཉིས་ཀྱིས་ནི་བོད་ཀྱི་སྐད་ཡིག་ལ་བདག་པོ་རྒྱག་གིན་མི་འདུག

Share this:
༩༢ ཀློག་གྲངས།