མཁན་ཆེན་ལ་ཉེ་བའི་སེམས་འཕྲིན།

གཏེར་སྟོན་པ་ལས་རབ་གླིང་པ་དངོས།།

རྗེ་བླ་མ་འཇིགས་མེད་ཕུན་ཚོགས་ཀྱི།།

གསུང་མཇལ་བའི་སྔོན་གྱི་མཇལ་ཚུལ་རྣམས།།

ཡིད་ལྷམ་མེར་དྲན་པས་འཕྲིན་འདི་བསྐྲུན།།

ཁོང་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི།།

ཕྱག་གཡས་པ་ལྟ་བུའི་ཚུལ་དུ་བྱོན།།

ཉིད་ལྟ་བུའི་བླ་མ་མཛད་འཕྲིན་ཅན།།

བོད་གངས་ཅན་ཡུལ་དུ་མཇལ་བར་དཀའ།།

ང་བན་དེ་ལོ་ན་ཆུང་ཆུང་སྐབས།།

ངའི་ཨ་རྒྱ་རྒྱ་རི་ཆོས་གྲགས་ཀྱིས།།

གདན་ཞུས་ལྟར་ངའི་གྲྭ་ཤག་ཏུ།།

རྗེ་བླ་མ་དངོས་སུ་བྱོན་པ་དྲན།།

ཡུལ་བྲག་འགོའི་གནས་ནང་དགོན་པ་རུ།།

ངའི་ཞང་མེས་སྟོད་གོ་སྤྲུལ་སྐུ་ཡི།།

སྐུ་ཆུང་སྲིད་ཁྲི་འདོན་གནང་བའི་སྐབས།།

ངས་བླ་མ་གུ་རུ་དངོས་མཇལ་དྲན།།

རྗེ་བླ་མས་༸རྒྱལ་བ་རིན་པོ་ཆེའི།།

ཞལ་མཇལ་ཞིང་གསུང་གླེང་གྲུབ་པའི་རྗེས།།

ཚུར་བོད་དུ་བྱོན་སྐབས་རྒྱ་ཡུལ་དུ།།

ཆིབས་འཁོར་ལོ་ཕེབས་པ་མཇལ་བ་དྲན།།

གནས་རྒྱ་ནག་རི་བོ་རྩེ་ལྔ་ནས།།

བསྟན་འགྲོ་བའི་དོན་ཆེན་གྲུབ་པའི་རྗེས།།

ཚུར་བླ་མ་རུང་གི་སྒར་ཆེན་དུ།།

བྱོན་ཕེབས་ཁར་ང་ཡི་དགོན་པ་ནང་།།

མཆོག་སྤྲུལ་པའི་སྐུ་ཆེན་ལུང་རྟོགས་དང་།།

གནས་ནང་གི་ཆོས་ཀྱི་ཉི་མ་སོགས།།

ཁོང་བླ་སློབ་སྟོན་པ་འཁོར་བཅས་ལྟར།།

ངའི་གྲྭ་ཤག་ཕེབས་ནས་མཇལ་བ་དྲན།།

སེམས་དད་པའི་དག་སྣང་ཞིང་ཁམས་ན།།

ངས་བླ་མ་གུ་རུ་སྒོམ་མྱོང་པས།།

སེམས་བྱིན་རླབས་ད་དུང་ཡལ་མེད་ཅིང་།།

གསུང་དངོས་སུ་མཇལ་ཚེ་བླ་མ་དྲན།།

ཁོང་ལྟ་བུའི་རིག་འཛིན་སྔགས་འཆང་ཞིག།

བོད་གངས་ཅན་ཡུལ་དུ་མཇལ་རྒྱུ་མེད།།

ངའི་བླ་མ་བསྟན་འཛིན་རྒྱ་མཚོའི་ཞབས།།

དབང་གདམས་ངག་ནོད་སྐབས་མཁན་ཆེན་དྲན།།

རྗེ་བླ་མའི་གདུལ་བྱ་སྟོང་པའི་རྗེས།།

གནས་ཨུ་རྒྱན་ཞིང་དུ་གཤེགས་པའི་སྐབས།།

ཡིད་སྐྱོ་བའི་མིག་འབྲས་བཞུར་ན་ཡང་།།

ཕྱིར་གཟིགས་པའི་མིག་ཆུས་མཆོད་པ་རུ།།

ཚིག་གསོལ་འདེབས་རྗེས་དྲན་མ་ཕུལ་འགྱོད།།

རྗེ་བླ་མ་གང་དུ་བྱོན་ན་ཡང་།།

འཁོར་རྒྱ་མཚོའི་དབུས་ན་ཆོས་འཆད་མཛད།།

དེས་ཁོར་ལོ་གསུམ་གྱི་བྱ་བ་ལ།།

ཕན་རྒྱལ་བས་ལུང་གིས་ཡང་ཡང་བསྔགས།།

དེ་ལྟ་བུའི་མཛད་འཕྲིན་རླབས་ཆེན་ལ།།

གྲྭ་རབ་བྱུང་རྣམས་གྱི་མིག་ལྟོས་འོས།།

བྱ་དཀའ་བའི་སྤྱོད་པ་ཡིན་ན་ཡང་།།

དེ་གོམས་ན་སླ་བ་ཞི་ལྷས་གསུངས།།

རྩ་ཆེ་བའི་རྣམ་ཐར་རྒྱ་མཚོ་ལ།།

ང་བན་ཆུང་སློབ་འདོད་ཆེ་ན་ཡང་།།

དུག་གསུམ་གྱིས་རང་སེམས་རྨོངས་པའི་ཕྱིར།།

མདོ་རྒྱལ་བའི་དགོངས་དོན་རྟོགས་པར་དཀའ།།

དེ་ཡིན་ཡང་བརྩོན་འགྲུས་གོ་ཆ་ཡིས།།

བློ་ཤེས་རབ་རལ་གྲིའི་གྲོགས་སྦྲེགས་ནས།།

དུག་སྡོང་པོ་དུག་གསུམ་དགྲ་ཆེན་དེ།།

ང་དགེ་སྦྱོང་དམག་དཔོན་གཅོད་པར་བྱེད།།

སྐྱབས་རྒྱལ་བ་རྒྱ་མཚོའི་འཁོར་ཚོགས་དབུས།།

རྒྱུད་དྲི་མེད་གསོལ་འདེབས་རྒྱང་འབོད་འདི།།

ཇི་བཞིན་དུ་འགྲུབ་པའི་བླ་མ་ལྷས།།

གྲོགས་འཕྲིན་ལས་མྱུར་བ་མྱུར་དུ་སྒྲུབས།།

གསེར་རྟ་ཚུལ་ཁྲིམས་ཀྱིས་བཀོད་པའི་གཏན་གྱི་སྐྱབས་གཅིག་པདྨ་ཐོད་ཕྲེང་རྩལ་མཇལ་རྗེས་བླ་མའི་འཆད་རྩོད་རྩོམ་གསུམ་གྱི་མཛད་འཕྲིན་དངོས་སུ་མཇལ་བའི་སྐལ་བ་དང་ལྡན་ཞིང་གུ་རུ་དངོས་སུ་མོས་གུས་མཇལ་མྱོང་བས་འདུ་གསུམ་པ་རྟའུ་ཆོས་མཛད་ཀྱིས།།

 

 

 

Share this:
༧༧ ཀློག་གྲངས།