གཞི་རྒྱ་ཆེ་བའི་ངོ་རྒོལ་ལ་བརྟེན་ནས་རྒྱ་གར་གྱི་ཡུལ་སྐོར་ཚོང་ལས་ལ་ཕོག་ཐུག་ཆེན་པོ་ཐེབས་ཡོད་འདུག  

 

འདས་པའི་བདུན་ཕྲག་གཉིས་ནང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་བ་འབུམ་ ༢ ཙམ་གྱིས་རྒྱ་གར་གྱི་སྙན་གྲགས་ཆེ་བའི་གནའ་ཤུལ་ཏ་ཇི་མ་ཧལ་(Taj Mahal)དུ་འགྲོ་བའི་འགྲུལ་བཞུད་ཕྱིར་འཐེན་ནམ་ཕར་འགྱངས་བྱས་ཡོད་འདུག 

ཕྱི་ཟླ་ ༡༢ པའི་ཚེས་ ༢༩ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་གར་གཞུང་གིས་མི་སེར་གྱི་ཐོབ་དང་འབྲེལ་བའི་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་པ་དེར། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནས་མི་མང་གིས་མི་འདོད་པའི་ངོ་རྒོལ་ཤུགས་ཆེན་བྱས་ཏེ་གནས་སྟངས་ཛ་དྲག་ཏུ་གྱུར་བའི་རྐྱེན་གྱིས། རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ལ་ཕོག་ཐུག་ཆེན་པོ་ཐེབས་ཡོད་འདུག 

གཞི་རྒྱ་ཆེ་བའི་ངོ་རྒོལ་དེའི་ཁྲོད། ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་དུ་གདོང་ཐུག་དྲག་པོ་བྱུང་ནས་མ་མཐར་ཡང་མི་ ༢༥ བསད་ཡོད་འདུག་མོད། འོན་ཀྱང་ངོ་རྒོལ་དེར་མཚམས་འཇོག་པའི་རྣམ་པ་མེད་པར་མུ་མཐུད་འབྱུང་མུས་སུ་ཡོད་འདུག 

གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། འདས་པའི་བདུན་ཕྲག་གཉིས་ནང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཡུལ་སྐོར་སྤྲོ་འཆམ་བ་འབུམ་ ༢ ཙམ་གྱིས་འཛམ་གླིང་གི་ཆེས་སྙན་གྲགས་ཆེ་བའི་གནའ་ཤུལ་བདུན་(Seven Wonders of The World)གྱི་ཡ་གྱལ་ཏ་ཇི་མ་ཧལ་(Taj Mahal)དུ་འགྲོ་བའི་འགྲུལ་བཞུད་ཕྱིར་འཐེན་ནམ་ཕར་འགྱངས་བྱས་ཡོད་འདུག 

ཏ་ཇི་མ་ཧལ་གྱི་ཉེ་འཁོར་དུ་ཆགས་པའི་དམིགས་བསལ་ཡུལ་སྐོར་དོ་དམ་ལས་ཁུངས་ཀྱི་ཉེན་རྟོག་པ་ཌ་ནེ་ཤཱི-ཁུའུ་མར་(Dinesh Kumar)གྱིས་ལོ་སྔོན་མ་དང་བསྡུར་ན། “འདི་ལོའི་ཕྱི་ཟླ་ ༡༢ ནང་ཡུལ་སྐོར་བའི་བརྒྱ་ཆ་ ༦༠ མར་ཆག་སོང”ཞེས་བཤད་པའི་ཐོག “རྒྱ་གར་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོས་ང་ཚོ་ལ་ཡང་ཡང་ཁ་པར་བཏང་ནས་བདེ་འཇགས་ཀྱི་གནས་སྟངས་འདྲི་ཡི་འདུག་པ་དང་། ང་ཚོས་ཁོ་ཚོའི་བདེ་འཇགས་ཁེས་ལེན་བྱེད་ཀྱི་ཡོད་ཀྱང་། མང་པོ་ཞིག་ད་དུང་ཡང་ཡོང་གི་མི་འདུག”ཅེས་བསྣན་ཡོད་འདུག 

དུས་རབས་ ༡༧ ནང་བཞེངས་པའི་རྡོ་ཀ་མ་རུའི་གནའ་ཤུལ་གྲགས་ཅན་དེ་ནི་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཨུའུ་ཋར་(Utter Pradesh)ནང་ཡོད་ཅིང་། མངའ་སྡེ་དེ་ནི་འདས་པའི་བདུན་ཕྲག་གཉིས་ཀྱི་དུས་ཟིང་ཁྲོད་དྲག་པོའི་གདོང་ཐུག་ཆེས་ཚབས་ཆེ་ཤོས་དང་། ཤི་རྨས་མང་ཤོས་འབྱུང་སའི་ས་ཁུལ་དེ་ཆགས་ཡོད་འདུག

ལོ་ལྟར་གནའ་ཤུལ་དེ་ལ་ལྟ་བར་ཡོང་མཁན་གྱི་ཡུལ་སྐོར་བ་ས་ཡ་ ༦.༥ ལྷག་ཡོད་ཅིང་། རྒྱ་སྒོ་ནས་འཛུལ་བའི་གླ་ཆ་ཁོ་ན་ལས་ལོ་རེའི་ཡོང་བབ་ཨ་སྒོར་ས་ཡ་ ༡༤ མ་ཟིན་ཙམ་ཡོང་གི་ཡོད་འདུག 

ཏ་ཇི་མ་ཧལ་གྱི་ཉེ་འཁོར་དུ་ཆགས་པའི་འགྲུལ་ཁང་དང་འགྲོན་ཁང་གོང་ཆེན་རྣམས་ཀྱི་དོ་དམ་པ་ཚོས། རྒྱ་གར་གྱི་དཔལ་འབྱོར་ཉམས་ཆག་ཏུ་འགྲོ་བཞིན་པའི་སྒང་ལ། ཡུལ་སྐོར་དུས་ཚིགས་ལེགས་ཤོས་སྐབས་སུ་ཁང་མིག་མངགས་ཟིན་པ་རྣམས་ཀྱང་ཕྱིར་འཐེན་བྱེད་བཞིན་པ་དེས་ཁོ་ཚོའི་ཚོང་ལ་སྔར་བས་ཀྱང་ལྷག་པའི་གྱོང་གུན་ཕོག་གི་ཡོད་ཚུལ་སྨྲས་འདུག 

འཚེ་བ་དང་དུས་ཟིང་འཇགས་པ་བཟོ་ཆེད། གཞུང་འཛིན་མི་སྣ་ཚོས་ས་ཁུལ་དེ་གའི་ཁ་པར་གྱི་དྲ་སྒོ་བརྒྱབས་འདུག་མོད། འོན་ཀྱང་དྲ་བའི་སྒོ་བརྒྱབས་པ་དེས་ས་ཁུལ་དེའི“འགྲུལ་བཞུད་དང་ཡུལ་སྐོར་གྱི་བརྒྱ་ཆ་ ༥༠-༦༠ ལ་ཤུགས་རྐྱེན་ཐེབས་ཡོད”པའི་སྐོར་འབྲེལ་ཡོད་མི་སྣ་ཞིག་གིས་གསར་འགྱུར་བརྒྱུད་ལམ་དུ་བཤད་ཡོད་འདུག

ཨ་རི་དང་དབྱིན་ཇིས་མཚོན་པའི་རྒྱལ་ཁབ་བདུན་གྱིས་སོ་སོའི་མི་སེར་རྣམས་རྒྱ་གར་དུ་འགྲོ་མི་ཉན་པ་དང་། གལ་སྲིད་འགྲོ་བ་ཡིན་ན་ངོ་རྒོལ་འབྱུང་སའི་ས་ཁུལ་དུ་གཟབ་གཟབ་བྱེད་དགོས་པའི་གཞུང་འབྲེལ་སྐུལ་མ་བཏང་འདུག་ཅིང་། རྒྱ་གར་གྱི་མངའ་སྡེ་ཨ་སམ་དུ་ནམ་རྒྱུན་ཕྱི་ཟླ་ ༡༢ ནང་ཡུལ་སྐོར་སྤྲོ་འཆམ་བ་འབུམ་ ༥ ཙམ་ཡོང་མཁན་ཡོད་མོད། འོན་ཀྱང་འདི་ལོར“མཚམས་མེད་པའི་ངོ་རྒོལ་དང་། རྒྱལ་ཁབ་འདྲ་མིན་རྣམས་ཀྱིས་སོ་སོའི་མི་སེར་རྣམས་རྒྱ་གར་དུ་འགྲོ་མི་ཉན་པའི་སྐུལ་མ་བཏང་བ་བཅས”ལ་བརྟེན་ནས་གྲངས་འབོར་དེའི་བརྒྱ་ཆ་ ༩༠ ཙམ་མར་ཆག་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

 

Share this:
༦༦༧ ཀློག་གྲངས།