༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་དང་བཀའ་དབང་དབུ་འཛུགས་གནང་།

 

<<རྒྱལ་སྲས་ལག་ལེན་སོ་བདུན་མ>>འི་སྔོན་འགྲོའི་བཀའ་སློབ་ནང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས“མང་གཙོ་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་པ་ཡིན་ན། དོན་དག་རང་གཅེས་འཛིན་གྱི་གཞན་དབང་དུ་སོང་བ་ཡིན་སྟབས་བདེ་སྐྱིད་ཡོང་གི་མ་རེད”ཅེས་གསུངས་འདུག 

ཁ་སང་སྟེ་ཕྱི་ཟླ་ ༡ ཚེས་ ༢ ཉིན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི<<རྒྱལ་སྲས་ལག་ལེན་སོ་བདུན་མ>>འི་གསུང་ཆོས་གནང་བ་དང་། གསུང་ཆོས་ཀྱི་དབུ་འཛུགས་དངོས་སུ་མ་གནང་གོང་ལ་སྔོན་འགྲོའི་ཚུལ་དུ་བླང་དོར་གྱི་བཀའ་སློབ་ཅིག་གནང་སྲོལ་ཡོད་པ་ལྟར་བཀའ་སློབ་ཀྱང་བསྩལ་འདུག

སྔོན་འགྲོའི་བཀའ་སློབ་དེའི་ནང་། ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོར་མ་སོང་བར་ཡུལ་ཝཱ་རཱ་ཎ་སིར་ཆོས་འཁོར་དང་པོ་བདེན་པ་བཞི་གསུངས་པ་དེ། སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད་པ་དང་།  ཤྲི་ལངྐཱ་དང་། ཐའི་ལན་ཌི། འབར་མ། ཁམ་བྷོ་ཌི་ཡ། ལའོ་སི། དེ་བཞིན་རྒྱ་ནག་དང་། བོད། ཀོ་རི་ཡ་བཅས་ཀྱི་འདུལ་བའི་ཉམས་ལེན་ཚང་མ་གཅིག་གྱུར་ཆགས་ཡོད་པ། སོ་ཐར་གྱི་མདོ་དེ་ལེགས་སྦྱར་གྱི་སྐད་ནང་ཡོད་པ་དང་པཱ་ལིའི་སྐད་ནང་ཡོད་པ་སྟེ་རྩ་བའི་སྡེ་པ་མི་འདྲ་བ་བཞི་ཡོད་པ་ལས། ང་ཚོ་བོད་ནང་ཡོད་པ་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན་ཞིང་། དེ་ནི་འཕགས་པ་ཀླུ་སྒྲུབ་དང་མཁན་ཆེན་ཞི་འཚོ་ནས་མར་བརྒྱུད་ཡོང་བ་ཡིན་པ་སོགས་ནང་ཆོས་ཀྱི་ངོ་སྤྲོད་རགས་བསྡུས་ཤིག་གནང་འདུག

ཨེ་ཤི་ཡའི་ཡུལ་གྲུ་ཁག་ལ་སངས་རྒྱས་ཆོས་ལུགས་དར་བའི་སྐོར་ལ་ཁོང་གིས་གསུངས་དོན། “རྒྱ་ནག་དང་། བོད། སོག་པོ་ཕྱི་ནང་། ཝེ་ཏི་ནམ། ཀོ་རི་ཡ། ཉི་ཧོང་དེ་དག་ལེགས་སྦྱར་གྱི་ཆོས་བརྒྱུད་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོ་རིར་གདུལ་བྱ་དབང་པོ་རྣོན་པོ་ཚོར་དམིགས་ནས་ཤེར་ཕྱིན་གྱི་མདོ་གསུང་བ་རེད། ད་ལྟ་འདིར་རྒྱ་རིགས་གྲོགས་པོ་ཚོ་དང་རྒྱ་གར་གྱི་སློབ་ཕྲུག་ཚོས་ཤེས་རབ་སྙིང་པོ་བཏོན་པ་རེད། རྒྱ་རིགས་ཆོས་གྲོགས་ཚོས་རྒྱ་སྐད་ནང་ཤེས་རབ་སྙིང་པོ་བཏོན་པ་རེད། རྒྱ་ནག་གིས་མཚོན་པའི་ཨེ་ཤི་ཡའི་ཡུལ་གྲུ་མང་པོ་ཞིག་གིས་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་བསྡད་ཡོད། ཨེ་ཤིའི་ལུང་པ་ཧ་ལམ་ཡོངས་རྫོགས་ལ་སངས་རྒྱས་པའི་ཆོས་དེ་ཁྱབ་ཡོད། དེ་རིང་ཁ་སང་གི་དུས་ཚོད་ལ་ནུབ་ཕྱོགས་པའི་ལུང་པ་ཚོའི་ནང་གཙོ་བོ་ཤེས་ཡོན་པ་དང་ཚན་རིག་པ་ཚོས་ནཱ་ལེནྜའི་ལེགས་སྦྱར་གྱི་ཆོས་བརྒྱུད་སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་གྲུབ་ཟབ་ཅིང་བརླིང་བ་དེ་དག་ལ་ཆོས་ཕྱོགས་ཀྱི་སྐྱེ་བ་སྔ་ཕྱི་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མེད་པར་དོ་སྣང་བྱེད་ཀྱི་ཡོད།”

གཞན་ཡང་། ཁོང་གིས་སྤྱིར་བཏང་འཛམ་གླིང་དུ་ཆོས་ལུགས་མང་པོ་ཡོད་པ་ལས་མང་ཆེ་བ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་པ་དང་། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་གསོལ་བ་འདེབས་པ་མ་གཏོགས། རང་རྒྱུད་ཀྱི་བློ་སྦྱོང་སྟངས་ཐོག་དོ་སྣང་བྱེད་ཀྱི་མེད་པ་དང་། རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་ལུགས་ལ་བློ་སྦྱོང་སྟངས་ཡོད་པ་དང་། དེའི་ནང་ནས་ཀྱང་སངས་རྒྱས་པའི་ཆོས་ནི་ནང་གི་བློ་སྦྱོང་སྟངས་སྐོར་གསུངས་ཡོད་འདུག

སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་དུ་དར་འཕེལ་བྱུང་ཚུལ་གྱི་ཐད་ལ། ༧རིན་པོ་ཆེ་མཆོག་གིས“བཅོམ་ལྡན་འདས་ཀྱིས་ལོ་ ༢༥༠༠ སྔོན་ལ‘ངའི་བསྟན་པ་བྱང་ནས་བྱང་དུ་དར་གྱི་རེད’ཅེས་གསུངས་ཡོད་པ་རེད། དེ་བདེན་པ་རེད། རྒྱ་གར་གྱི་བྱང་བོད་དང་། བོད་ཀྱི་བྱང་སོག་པོ་རེད། ངོས་ཀྱི་བསམ་བློར་འདི་འདྲ་ཞིག་འཁོར་བ་རེད། ད་ནི་སངས་རྒྱས་ཀྱི་བསྟན་པ་ལྷོ་ནས་ལྷོ་ལ་དར་བ་ཡོད་པ་ལྟ་བུ་འདུག བོད་ནས་ལྷོ་རྒྱ་གར་དང་ཧི་མཱ་ལ་ཡའི་རི་རྒྱུད་ཁག དེ་དག་གིས་རྐྱེན་བྱས་ཏེ་འཛམ་གླིང་ཡུལ་གྲུ་མང་པོར་ཁྱབ་འགྲོ་བ་ལྟ་བུ་འདུག”ཅེས་གསུངས་རྗེས། ཁོང་གིས་རྒྱུན་པར་ཡང་ནས་ཡང་དུ་བཀའ་སློབ་ལམ་སྟོན་གནང་བ་ལྟར། སེམས་ཅན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ཡང་། འཛམ་བུ་གླིང་གི་སྡུག་བསྔལ་མང་པོ་ཞིག་ང་ཚོ་མིས་བཟོ་ཡི་ཡོད་པ་དང་། དེ་ཡང་རྨོངས་པའི་དབང་གིས་བཟོ་ཡི་ཡོད་པ། འཛམ་གླིང་གི་དབུ་ཁྲིད་ཚོ་དང་། ཆབ་སྲིད་པ་ཚོ། མི་མང་བཅས་རང་གཅེས་འཛིན་གྱི་གོང་བུ་བྱས་ནས་སྡོད་པ་ལས། གཞན་གཅེས་འཛིན་གྱིས་འདང་གི་མེད་པ། དངོས་གནས་བྱས་ན་མང་གཙོ་ཟེར་བ་དེ་ཧ་ལས་པའི་ཡག་པོ་ཡོད་ཀྱང་། མང་གཙོ་དཔྱིས་ཕྱིན་པ་ཞིག་ཡོང་བར་གཞན་གཅེས་འཛིན་དགོས་པ།  “མང་གཙོ་ཁ་ལ་འཁྱེར་ནས་རང་དོན་བསྒྲུབས་པ་ཡིན་ན། དོན་དག་རང་གཅེས་འཛིན་གྱི་གཞན་དབང་དུ་སོང་བ་ཡིན་སྟབས་བདེ་སྐྱིད་ཡོང་གི་མེད་པ”སོགས་ཀྱི་བཀའ་སློབ་གནང་ཡོད་འདུག 

དེ་བཞིན་དེ་རིང་ཕྱི་ཚེས་ ༣ ཉིན་ཁོང་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་གསུང་ཆོས་གནང་བའི་ཐོག སང་ཉིན་ཕྱི་ཚེས་ ༤ ནས་དབུ་བཙུགས་ཏེ་ཉིན་གྲངས་གསུམ་རིང་ལོ་སྔོན་མར་གསུངས་པའི་འཇམ་དབྱངས་ཆོས་སྐོར་གྱི་ལྷག་འཕྲོའི་ཆོས་འབྲེལ་གནང་གཏན་འཁེལ་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༣༩༣ ཀློག་གྲངས།