ལ་དྭགས་གཙོ་བོ་མཚོན་པའི་ཧི་མ་ལ་ཡ་རི་རྒྱུད་ནས་བོད་ཀྱི་སྨན་རྩིས་ཁང་ཟུར་དུ་འཇོག་ཐབས་བྱེད་བཞིན་ཡོད་འདུག

བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས། བོད་ཀྱི་གསོ་བ་རིག་པ་ཞེས་སྨན་རྩིས་ཁང་ཟུར་དུ་འཇོག་ཐབས་ལྟ་བུ་དང་། ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཙོ་བོ་ལ་དྭགས་མཚོན་པའི་ཧི་མ་ལ་ཡ་རི་རྒྱུད་ནས་འབད་བརྩོན་དང་རྒྱ་གར་AYUSH ནས་ཁ་ཡ་བྱེད་ཀྱི་ཡོད་པ་དེར་མཐའ་གཅིག་ཏུ་བློ་ཕམ་དང་ངོ་རྒོལ་ཡོད། གལ་ཏེ་སྨན་རྩིས་ཁང་ནས་བྱེད་བཞིན་པ་དེ་བོད་ཀྱི་གསོ་བ་རིག་པ་དང་། སྨན་རྩིས་ཁང་གི་ལས་དོན་མ་ཡིན་པའི་ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་པ་ཞིག་མཛུབ་སྟོན་བྱ་རྒྱུ་ཡོད་ན་དེ་ལྟར་གནང་དགོས་པ་ལས་དེ་མིན་ཁུངས་གཅིག་ལ་རོགས་རམ་རག་ཐབས་དང་། ཁུངས་གཅིག་ལ་རོགས་རམ་འགྲོ་མ་དགོས་པ་འབད་བརྩོན་བྱེད་པ་སོགས་མི་འགྲིག་སྐོར་གསུངས་སོང་།

ཟླ་ ༡ ཚེས་ ༣ ཉིན་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ། འགན་འཛིན་བཀྲ་ཤིས་ཚེ་རིང་གིས་སྨན་རྩིས་ཁང་གི་ལས་དོན་གལ་ཆེ་དྲུག་གི་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་། དེ་ཡང་སྦེང་ལོར་སྨན་རྩིས་ཁང་གི་མཐོ་སློབ་ཨར་པོའི་འཛུགས་སྐྲུན་ལེགས་པར་བསྒྲུབས་ཡོད་པ་དང་། ལྡི་ལི་གསར་པར་UNESCO ལས་ཁུངས་མདུན་དུ་སྨན་རྩིས་ཁང་གི་ལས་བྱེད་སློབ་ཕྲུག་ནས་ལས་ཁུངས་དེའི་དངོས་མིན་རིག་གནས་ཤུལ་བཞག་སྡེ་ཚན་ལ་རྒྱ་ནག་གིས་འགྲོ་སོང་གཏོང་གི་ཡོད་པ་དང། སྡེ་ཚན་དེས་བོད་སྨན་ཐོག་ཐེ་བྱུས་བྱེད་ཀྱི་ཡོད་པ་དེ་མི་ཆོག་པ་དང་། དེ་བཞིན་བོད་སྨན་དེ་རྒྱ་དཀར་ནག་གཉིས་བར་གྱི་འཐབ་རྩོད་གཅིག་མིན་པ་སོགས་ཀྱི་ཐོག་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ། སྐར་རྩིས་སྡེ་ཚན་ཁོངས་སྐོར་བསྐྱོད་དང་རྒྱ་སྐྱེད་སྡེ་ཚན་ཞེས་གསར་འཛུགས་བྱ་རྒྱུ། སྨན་པ་བསྟེན་གཏུགས་མ་དགོས་པའི་སྨན་གཏན་འབེབས་སྐོར། སྨན་རྩིས་ཁང་དང་། སྨན་རྩིས་ཁང་གི་སྨན་པ་དང་སྐར་རྩིས་པ་སོགས་དང་མཉམ་དུ་ཟུང་འབྲེལ་ལས་གཞིའི་སྐོར། དེ་བཞིན་བོད་ཀྱི་གསོ་བ་རིག་པ་དང་ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་པ་འབད་བརྩོན་གྱིས། བོད་ཀྱི་སྨན་རྩིས་ཟུར་དུ་འཇོག་ཐབས་བྱེད་བཞིན་པའི་སྐོར་གསུངས་སོང་།

དེ་ཡང་གསར་འགོད་གསལ་བསྒྲགས་ནང་དུ།

༡༽ སྦེང་ལོར་སྨན་རྩིས་ཁང་གི་མཐོ་སློབ་ཨར་པོའི་འཛུགས་སྐྲུན་ལེགས་པར་བསྒྲུབས་ཏེ། ༢༠༢༠ ཟླ་ ༡ ཚེས་ ༤ ནས་བཟུང་ད་ལྟའི་མཐོ་སློབ་ཀྱི་དགེ་སློབ་ཚོ་ཁག་གཅིག་གནས་སྤོ་བྱ་རྒྱུ་ཡིན། སྤྱིར་ཨར་པོའི་ལས་གཞི་རྣམས་གང་ལེགས་བྱུང་འདུག ང་ཚོའི་མཐོ་སློབ་ཀྱི་འཛུགས་སྐྲུན་དེ་གཞན་ལ་མིག་དཔེ་སྟོན་རྒྱུ་ཡིན་ཞེས་རྒྱ་གར་དབུས་གཞུང་ཨཱ་ཡུཥ་ལས་ཁུངས་དང་། ཀར་ན་ཊག་མངའ་སྡེ་ཨཱ་ཡུཥ་ལས་ཁུངས་གཉིས་ནས་གསུངས་ཡོད། དེ་ནི་མ་འོངས་འཛུགས་སྐྲུན་གྱི་ལས་གཞི་གཞན་ཐོག་ལ་དབུས་ས་གཉིས་ནས་རོགས་རམ་ཐོབ་རྒྱུར་དགེ་ཕན་ཡོང་རྒྱུ། སྦེང་ལོར་དུ་སྨན་རྩིས་དགེ་སློབ་ཡོངས་རྫོགས་དུས་གཅིག་དུ་སྤོས་མ་དགོས་པར་༢༠༢༠ ལོར་སློབ་སྤྱི་དང་སློབ་སྤྱི་གཞོན་པ་གཉིས། དགེ་རྒན་ལས་བྱེད་བཅས་གྲངས་༡༡ དང་། སྐར་རྩིས་ཡན་ལག་གསར་འཛུགས་ཀྱི་ཆེད་དུ་ལས་བྱེད་༡༡། སྐབས་༢༢ ཀྱི་སྨན་སློབ་གྲངས་༢༥ དང་། སྐབས་༢༣ གྱི་སྨན་སློབ་གྲངས་༢༤། སྐབས་༡༢ སྐར་རྩིས་སློབ་མ་གྲངས་༡༡ དང་། སྐབས་༡༣ རྩིས་སློབ་གྲངས་༡༢ བཅས་ཁྱོན་བསྡོམས་མི་གྲངས ༩༤ སྤོ་བཞུད་བྱ་རྒྱུ་རེད། དེ་བཞིན་དགེ་སློབ་གྲངས་ཚད་འདྲ་མཚུངས་ཤིག་བཞུགས་སྒར་དུ་མུ་མཐུད་གནས་རྒྱུ།

༢༽ འཛམ་གླིང་རྒྱལ་སྤྱིའི་ཤེས་རིག་དང་། ཚན་རིག རིག་གཞུང་ལྷན་ཚོགས་ཀྱི་ཁོངས་ Intangible Cultural Heritage ཞེས་དངོས་མེད་ཤུལ་བཞག་གི་རིག་གནས་ཀྱི་སྡེ་ཚན་ལ་དེ་རིང་ཟླ་༡ ཚེས་ ༣ ནས་དུས་ཚོད་ངེས་མེད་བར་ལྡི་ལི་གསར་པར་UNESCO ལས་ཁུངས་མདུན་དུ་སྨན་རྩིས་ཁང་གི་ལས་བྱེད་སློབ་ཕྲུག་ནས་ངོ་རྒོལ་ཞུ་གི་ཡོད།

༣༽ སྐར་རྩིས་སྡེ་ཚན་ཁོངས་སྐོར་བསྐྱོད་དང་རྒྱ་སྐྱེད་སྡེ་ཚན་ Outreach & Development ཞེས་གསར་འཛུགས་བྱ་རྒྱུ་ཡིན། བོད་ཀྱི་སྐར་རྩིས་རིག་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཞིག་ཡིན་ཞིང་རྒྱལ་སྤྱིའི་ནང་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་མྱུར་ཚད་དེ་ལ་དགའ་སྤོབས་སྐྱེ་འོས་པའི་གནས་སྟངས་ཞིག་ཡིན། དེ་ནི་གསལ་བསྒྲགས་ཙམ་དུ་མ་ལྷག་པར་སྐར་རྩིས་ཁོངས་ལས་དོན་བྱེད་ཕྱོགས་ཐོག་རང་དབང་གང་འཚམ་ཡོད་པའི་སྡེ་ཚན་གསར་འཛུགས་ཞུས་ནས་བོད་ཀྱི་དཀར་ནག་དབྱངས་གསུམ་གྱི་རིག་གནས་འདི་བོད་པའི་ནང་འགྲོ་རྒྱུགས་བརྒྱ་ཆ ༡༠ དང་། དེ་འཕྲོས་བརྒྱ་ཆ་༩༠ རྒྱ་རིགས་དང་། རྒྱ་གར། ཕྱི་རྒྱལ་བ་སོགས་ལ་ཡིན་པར་དེའི་ཕྱོགས་སུ་ནུས་ཤུགས་སྤུང་དགོས་པར་བརྟེན་སྐོར་བསྐྱོད་དང་རྒྱ་སྐྱེད་སྡེ་ཚན་གསར་པ་ཞིག་འཛུགས་རྒྱུར། དེའི་འགན་འཛིན་དུ་སྐར་རྩིས་དགེ་རྒན་བློ་ལྡན་ལགས་ངེས་པ་ཡིན། སྡེ་ཚན་འདི་ནས་རྒྱལ་སྤྱིའི་ནང་བོད་ཀྱི་སྐར་རྩིས་རིག་པ་ཁྱབ་སྤེལ་ཙམ་མ་ཡིན་པར་སྨན་རྩིས་ཁང་ལ་འདུ་འགོད་གཟེངས་སུ་ཐོན་པ་ཡོང་རྒྱུའི་དམིགས་ཚད་བཟུང་གི་ཡོད།

༤། སྨན་པ་བསྟེན་གཏུགས་མ་དགོས་པའི་སྨན་གྱི་སྐོར་ལ་རྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་དུས་ནས་དུས་སུ་བཀའ་སློབ་ཕེབས་ཀྱི་ཡོད་སྟབས། ད་ཡོད་ཀྱི་སྨན་ཁོངས་དང་། སྨན་གསར་བཟོ་བྱེད་པ་རྣམས་སྨན་ཁང་དུ་ནད་པར་སྤྲོད་རྒྱུ་ཙམ་མིན་པ་རྒྱལ་སྤྱིའི་ནང་ལེ་སྒྱུར་བྱ་རྒྱུར་ OTC Department ཞིག་གསར་འཛུགས་དང་འབྲེལ་དེའི་འགན་འཛིན་དུ་ཉམས་ཞིབ་སྨན་པ་བསྟེན་འཛིན་ལྷུན་གྲུབ་ལགས་ངེས་པ་ཡིན། ད་ལྟའི་ཆར་རིན་ཆེན་རིལ་བུ་ཁག་བརྒྱད་དང་། ཟླ་འོད་མཆིན་བཅུད་ཆེན་མོ། འཕྲུལ་ཐང་། སྨན་གཅིག སྨན་གཉིས། སྨན་གསུམ་སོགས་སྨན་པ་བསྟེན་གཏུགས་མ་དགོས་པའི་སྨན་ཁོངས་སུ་ཡོད་གཤིས། སྨན་སྦྱོར་ཐོག་ཉམས་མྱོང་རྒྱ་ཆེ་ཡོད་པ་སྨན་པ་དྲུག་ལ་སྨན་པ་བསྟེན་གཏུགས་མ་དགོས་པའི་སྨན་གཏན་འབེབས་བྱེད་ཕྱོགས་ཐོག་དགོངས་ཚུལ་བསྡུ་རུབ་ཞུས་ཡོད་པ་མ་ཟད། སྨན་རྒྱུ་འབེལ་པོ་མཁོ་སྒྲུབ་བྱ་རྒྱུ་ཡོད་པ་གཞི་རྩར་བཟུང་ཏེ་ད་ལྟའི་ཆར་སྨན་༧ (རྒུན་འབྲུམ་བདུན་པ། ཞེ་བྱེད་དྲུག་པ། སླེ་ཏྲེས་ལྔ་ཐང་། ཨར་ཀླུ། དབྱངས་ཅན་རིལ་བུ། གསེར་མདོག་ ༥ པ། གུར་གུམ་ ༡༣) གཏན་འབེབས་བྱེད་ཡོད། སྡེ་ཚན་གྱི་འགན་འཛིན་དང་ལས་དྲུང་ལ་འགན་འཛིན་ནས་དུས་ནས་དུས་སུ་ལམ་སྟོན་བྱ་རྒྱུ།

༥། སྨན་རྩིས་ཁང་དང་། སྨན་རྩིས་ཁང་གི་སྨན་པ་དང་སྐར་རྩིས་པ་སོགས་དང་མཉམ་དུ་ཟུང་འབྲེལ་ལས་གཞིའི་སྐོར་ལོ་གཉིས་གོང་སྨན་སློབ་སྐབས་༡༦ ཐོན་སྐབས་འགན་འཛིན་གྱིས་དགོས་འཆར་ཞིག་བཏོན་པ་དེའི་ནང་སྨན་རྩིས་ཁང་དང་། སྒེར་པ་མཉམ་འཛིན་གྱི་ལས་གཞི་ཞིག་ཁྱབ་བསྒྲགས་ཞུས་ཡོད་ཀྱང་། སྐབས་དེར་སྨན་པ་ཐོན་པ་ ཡོངས་རྫོགས་སྨན་རྩིས་ཁང་གི་ལས་ཀ་ཡོད་སྟབས་ལས་གཞི་དེར་དོ་སྣང་བྱེད་མཁན་མ་བྱུང་། སྐབས་༡༧ སྨན་སློབ་ཁོངས་ནས་སྨན་པ་དྲག་གྲས་ཤིག་གིས་དོ་སྣང་བྱུང་ཡང་ཆ་རྐྱེན་མ་ལྡང་པའི་ལས་འགུལ་བརྩམ་ཐུབ་མེད། སྐབས་༡༨ ཁོངས་སྨན་པ་པ་སངས་རྡོ་རྗེ་ལགས་དང་། ཁོང་གི་ཕྱག་རོགས་ཉི་མ་ལགས་ཞུ་བ་གཉིས་ནས་ལས་གཞི་དེར་དོ་སྣང་གནང་དོན་ལྟར་རྩ་འཛིན་ཡིག་ཆ་ལྟར་སྨན་རྩིས་ཁང་གི་བརྒྱ་ཆ་ ༥༡ ཡོད་པའི་ཐོག་ལས་འགུལ་བརྩམ་རྒྱུ་ཡིན་པ་སྨན་པ་པ་སངས་རྡོ་རྗེ་ལགས་ནས་ལྡི་ལི་ཉེ་འགྲམ་ Ghaziabad དུ་སྨན་ཁང་གསར་འཛུགས་ཀྱིས་ཐབས་ལམ་སྟོན་འདུག་པ་རིང་མིན་ཚེས་བཟང་དང་བསྟུན་སྒོ་འབྱེད་བྱ་རྒྱུ་ཡིན། སྨན་རྩིས་ཁང་མ་འོངས་ཕྱོགས་གང་སར་རྒྱ་སྐྱེད་འགྲོ་རྒྱུ་ངེས་པར་བརྟེན་སྨན་རྩིས་ཁང་ནས་ཐོན་པའི་སྨན་པ་དང་སྐར་རྩིས་པ་ཚོས་ཟུང་འབྲེལ་ཐོག་ Principal Partner གི་མཚོན་ཐོག་དང་གཞན་བོད་རིགས་ཁ་ཤས་ཐོག་ཟུང་འབྲེལ་ Joint Venture Clinic འཛིན་རྒྱུར་གང་ཅིའི་དགེ་ཕན་མཐོང་བར་སྐབས་ ༡༩ ཁོངས་ནས་སྨན་པ་རེ་ཟུང་ནས་སྨན་པ་པ་སངས་རྡོ་རྗེ་ལགས་དང་འདྲ་མཚུངས་བྱེད་ཐུབ་པའི་རེ་བ་ཞུ་གི་ཡོད།

༦༽ བོད་ཀྱི་གསོ་བ་རིག་པ་དང་། ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཉིས་ཡོང་ཐབས་མེད་པ་ཞིག་རེད། མཁྱེན་གསལ་ལྟར། ལོ་མང་སྔོན་ལ་དྭགས་ཁུལ་ནས་ཨམ་ཅིའི་ལུགས་ Amchi System ཞེས་པ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱེད་ཐབས་ཞུས་ཡོད་པ་དང་། དེ་བཞིན་ཧི་མ་ཅལ་མངལ་སྡེ་ནས་ཀ་རུ་ན་བྱམས་བརྩེ་ཞེས་དེབ་སྐྱེལ་བྱེད་ཐབས་བྱས་པ། ཝ་ན་མཐོ་སློབ་ནས་ Tibetan Ayurved ཞེས་དེབ་སྐྱེལ་འབད་བརྩོན་བྱེད་པ། སྨན་རྩིས་ཁང་ནས་བོད་སྨན་ཞེས་དེབ་སྐྱེལ་བྱེད་རྒྱུའི་འབད་བརྩོན་བྱེད་པ་ཐོག་རྒྱ་གར་གཞུང་ནས་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་མཐར་གསོ་བ་རིག་པ་ཞེས་པའི་ཐ་སྙད་འདིའི་ཐོག་གཏན་འབེབས་གནང་བ་འདི་ནི་གཙོ་བོ་སྨན་རྩིས་ཁང་ནས་དུས་ད་ལྟའི་བར་བྱེད་བཞིན་པའི་ལས་འགུལ་ལ་གོ་ན་ཆོག་པ་ཞིག་ཡིན། གསོ་བ་རིག་པ་ཞེས་ངོས་ལེན་གནང་བ་དེ་ཡང་སྨན་རྩིས་ཁང་གི་སློབ་འཁྲིད་དང་སྨན་སྦྱོར་ཁང་སྤྱན་ལྟར་ཞུས་ཏེ་ཚོགས་ཆུང་གི་ཚོགས་མི་རྣམས་ཡིད་ རངས་པའི་གནས་ཚུལ་བྱུང་པ་ལས་གཞན་གང་ཡང་མེད། ད་ཆ་བོད་སྨན་ལ་གསོ་བ་རིག་པ་ཞེས་ཐ་སྙད་ཡོད་མུས་ཀྱང་རྒྱལ་སྤྱིའི་ནང་མང་པོས་བོད་ཀྱི་གསོ་བ་རིག་པ་ Tibetan Medicine ཞེས་འབོད་ཀྱི་ཡོད་པས་དེ་ནི་འོས་ཞིང་འཚམས་པ་རེད། གསོ་བ་རིག་པ་དེ་བོད་པས་བདག་པོ་བརྒྱབ་པར་བརྟེན་བོད་སྨན་ Tibetan Medicine འབོད་པའི་རྒྱུ་མཚན་དེ་ཡིན། ད་ཆ་བོད་ཀྱི་གསོ་བ་རིག་པ་ཞེས་སྨན་རྩིས་ཁང་ཟུར་དུ་འཇོག་ཐབས་ལྟ་བུ་དང་། ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཙོ་བོ་ལ་དྭགས་མཚོན་པའི་ཧི་མ་ལ་ཡ་རི་རྒྱུད་ནས་འབད་བརྩོན་དང་རྒྱ་གར་AYUSH ནས་ཁ་ཡ་བྱེད་ཀྱི་ཡོད་པ་དེར་མཐའ་གཅིག་ཏུ་བློ་ཕམ་དང་ངོ་རྒོལ་ཡོད། གལ་ཏེ་སྨན་རྩིས་ཁང་ནས་བྱེད་བཞིན་པ་དེ་བོད་ཀྱི་གསོ་བ་རིག་པ་དང་། སྨན་རྩིས་ཁང་གི་ལས་དོན་མ་ཡིན་པའི་ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་པ་ཞིག་མཛུབ་སྟོན་བྱ་རྒྱུ་ཡོད་ན་དེ་ལྟར་གནང་དགོས་པ་ལས་དེ་མིན་ཁུངས་གཅིག་ལ་རོགས་རམ་རག་ཐབས་ དང་། ཁུངས་གཅིག་ལ་རོགས་རམ་འགྲོ་མ་དགོས་པ་འབད་བརྩོན་བྱེད་པ་སོགས་མི་འགྲིག སྨན་རྩིས་ཁང་འདི་རྩ་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁོངས་ཡིན་པ་སྨོས་མ་དགོས་གཤིས། འོན་ཀྱང་དགོས་དངུལ་སྒྲིག་འཛུགས་ནས་གནང་གི་མེད་པ་སྔོན་རྩིས་སོགས་ནས་མཁྱེན་ཐུབ་ཅེས་བཀོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༡༢༨ ཀློག་གྲངས།