རྫ་ཆུ་ཁ་རྫ་སྨད་དབོན་པོར་རྒྱ་གཞུང་གིས་མུ་མཐུད་དམ་དྲག་དང་དྲག་གནོན་བྱས་ཡོད་འདུག  

 

ཟླ་བ་གཉིས་མ་ཟིན་ཙམ་གྱི་སྔོན་དུ་རྫ་དབོན་པོར་བོད་རང་བཙན་གྱི་ཡིག་ཆ་གཏོར་བ་དང་གྲྭ་པ་ཁག་ཅིག་དང་མི་སྐྱ་འགའ་འཛིན་བཟུང་བྱས་པ་ནས་བཟུང་། ས་གནས་དེར་དྲག་ཆས་ཉེན་རྟོག་པ་བསླེབས་ནས་མི་མང་རྣམས་བཀག་ཉར་དང་། “བསམ་བློའི་སློབ་གསོ”སྤེལ་ནས་མུ་མཐུད་དྲག་གནོན་དང་འཇིགས་སྐུལ་ཚད་མེད་བྱས་ཡོད་འདུག

དྲག་ཆས་སྤྲས་པའི་ཉེན་རྟོག་པས་སྲང་ལམ་དུ་སྐོར་སྐྱོད་བྱེད་བཞིན་པ།

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༦ ཉིན་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་གསར་ཁང་དུ“རྫ་ཆུ་ཁ་རྫ་སྨད་དབོན་པོ་ནས་གནས་ཚུལ་ཕྱོགས་བསྡུས”ཞེས་པ་ཞིག་དང་། ཡུལ་དངོས་ཀྱི་འདྲ་པར་རྣམས་བསྐུར་བྱུང་བའི་ནང་། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༤ ནས་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣ བར་དུ་རྫ་དབོན་པོ་སྡེ་བའི་ཛ་དྲག་གི་གནས་སྟངས་སྐོར་ལ་ཁོང་དང་འབྲེལ་ཡོད་ཁ་ཅིག་གིས་འཚོལ་སྒྲུབ་བྱས་པའི་གནས་ཚུལ་རྣམས་བཀོད་འདུག 

སྤྱིའི་ཆ་ནས་བཤད་ན། ལོ་སྔོན་མའི་ཕྱི་ཟླ་ ༡༡ ཀྱི་འགོ་སྟོད་ནས་རྫ་སྨད་དབོན་པོ་རུ་བོད་རང་བཙན་ཀྱི་ལས་འགུལ་ཤུགས་ཆེན་སྤེལ་བ་ནས་བཟུང་། རྒྱ་གཞུང་གིས་ས་ཁུལ་དེར་སྔར་བས་ཀྱང་དམ་དྲག་དང་། ཁ་པར་དང་དྲ་ལམ་ལ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་སྟབས། ཞིབ་ཕྲའི་གནས་ཚུལ་དང་པར་རིས་འཚོལ་སྒྲུབ་བྱེད་རྒྱུ་ཤིན་ཏུ་དཀའ་ཡང་། གནས་ཚུལ་མཁོ་སྤྲོད་པ་ཁོང་རྣམས་ཀྱིས་གང་ཐུབ་ཀྱིས་འཚོལ་སྒྲུབ་བྱས་པ་རྣམས་ཕྱོགས་སུ་བསྡུས་པ་ཡིན་འདུག 

གཤམ་དུ་ཁོང་དང་འབྲེལ་ཡོད་པ་ཁ་ཅིག་གིས་ཕྱོགས་བསྡུས་བྱས་པའི་གནས་ཚུལ་དོན་ཚན་བདུན་པོ་བཀོད་ཡོད་ཅིང་། ཡིག་ནོར་རེ་ཟུང་བཅོས་པ་དང་། ཁོང་གིས་ངག་ནས་བརྗོད་པ་འགའ་ཤས་བསྣན་པ་ལས་གཞན་རང་སོར་བཞག་ཡོད། 

དམ་དྲག་སྔོན་གྱི་དབོན་པོའི་སྲང་ལམ།

1. སེར་སྐྱ་སུམ་བཅུ་བརྒལ་བ་ཞིག་ལ་རྩམ་པ་གཅིག་པུ་མ་གཏོགས་ཟས་གང་ཡང་མ་སྤྲད་པར་ཟླ་ཕྱེད་གཅིག་གི་རིང་བཀག་ཉར་བྱས་ཡོད་པ་དང་།  དེ་ཚོ་ནི་དོགས་ཡོད་མི་སྣ་དང་།  དྲ་རྒྱ་དང་འབྲེལ་བ་ཡོད་པ། ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པ།  [༧རྒྱལ་བ་]རིན་པོ་ཆེའི་པར་བཤམས་ཡོད་པ། སྐད་ཆ་བཤད་སྟངས་ནོར་བ། ཆབ་སྲིད་དང་འབྲེལ་མེད་སྤྱིར་བཏང་གི་རྙོག་གླེང་ཅན་འགའ་ཞིག་བཅས་ཡིན།

2. དེ་བཞིན་གྲྭ་བ་མང་པོ་ཞིག་ལ་བསམ་བློའི་སློབ་གསོ་དགོས་ཚུལ་གྱིས་ཟླ་ཕྱེད་ལྷག་ཅིག་ལ་ཉིན་ལྟར་བསམ་བློ་སྒྱུར་བཀོད་ཀྱི་སློབ་གསོའི་ཚོགས་འདུ་ཚོགས་ཡོད་འདུག

3. མང་ཚོགས་ལ་རྗེས་ཕྱོགས་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་དེ་རིགས་ལྷགས་མི་ཆོགས་པའི་བསྒྲགས་གཏམ་སྤེལ་བ་དང་།  [གལ་སྲིད་ལྷགས་པ་ཡིན་ན། ཆད་པ་ཆེན་པོ་གཅོད་ཀྱི་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག] 

4. གཞན་དབོན་པོ་སྡེ་བའི་ཡུལ་མི་དང་། སྡེ་བ་གཞན་གྱི་མི་སོགས་སེར་སྐྱ་མང་པོ་ཞིག་གི་ཁ་པར་བསྔོགས་བཤེར་བཏང་ཡོད་པ་དང་། ཉེན་རྟོག་ཁང་ལ་སྐད་བཏང་ནས་འདྲི་རྩད་མང་པོ་བྱས་པ།  ཡིག་ཆ་གང་ཞིག་ལ་མིང་རྟགས་བཀོད་བཅུག་པ་སོགས་བྱུང་འདུག 

5. དམག་མི་རྣམས་ཀྱིས་ལག་དུ་མེ་མདའ་དང་། ཉེན་འགོག་འགྱིག་ཕུབ་སོགས་བཟུང་ནས་སྲང་ལམ་དུ་དམག་སྦྱོང་གིས་མི་མང་ལ་ཉིན་ལྟར་འཇིགས་བསྐུལ་བྱེད་ཀྱི་ཡོད་པ་དང་། དམག་མི་དེ་ཚོ་སྲང་ལམ་ནས་འགྲོ་དུས། སྐད་ཅོར་མཐོ་བོས་་་་གཅིག་་་་་གཉིས་་་་་གསུམ་ལབས་ནས་འགྲོ་ཡི་ཡོད་འདུག  ལོ་སྔོན་མའི་ཟླ་བ་ ༡༢ པའི་ཚེས་ ༡༢ ནས་སྣང་ཚུལ་ལ་དམག་མི་མང་པོ་ཞིག་རྫ་སྨད་ནས་ཕྱིར་ལོག་བྱུང་བ་མཐོང་ཡོད་མོད། [དོན་དངོས་སུ་ཁོ་ཚོ་ཕྱིར་ལོག་ཡོད་མེད་ཤེས་རྟོགས་བྱུང་མེད།] 

དམ་དྲག་སྐབས་ཀྱི་དབོན་པོའི་སྲང་ལམ།

6. ད་ལྟའི་ཆར་གྲྭ་བ་ལྔ་དང་། མི་སྐྱ་གཉིས་བཙོན་དུ་བཟུང་ཡོད།༼ ༡  ཀུན་གསལ། ༢ རྟ་མེ། ༣ བསོད་བཀྲ། ༤ ཚུལ་ཁྲིམས། ༥ ཉི་མས། ༦  ཆོས་རྒྱལ་དང་།  ༧ ཡོན་ཏན། ༽ ཁོང་ཚོ་ཐོག་མར་སེར་ཤུལ་རྫོང་ལ་ཁྲིད་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་ཡོད་ཀྱང་དེའི་རྗེས་སུ་ནང་མི་ཚོ་ཐུག་འཕྲད་བྱུང་ཡོད་མེད་དང་།  ཁོང་ཚོའི་གནས་སྟངས་ག་རེ་ཡིན་ང་ཚོས་ཤེས་རྟོགས་ཐུབ་མེད།  

7. ང་ཚོས་ཐབས་ཤེས་གང་ཡོད་ཀྱིས་སྐབས་དེའི་རྫ་སྨད་གྲོང་རྡལ་གྱི་པར་རིས་འགའ་ཞིག་རག་སོང་། པར་དེ་ཚོ་ནི་དྲག་པོའི་དམག་གིས་མང་ཚོགས་ལ་འཇིགས་བསྐུལ་བྱེད་བཞིན་པའི་སྐབས་ཀྱི་ཟུར་ཙམ་དང་། རྒྱུན་ལྡན་དབོན་པོ་གྲོང་རྡལ་གྱི་རྣམ་པ་མཚོན་པའི་པར་རིས་དང་།  ཉིན་དེ་དག་གི་དབོན་པོ་གྲོང་རྡལ་གྱི་སྲང་ལམ་ལ་མི་མང་གིས་འགྲོ་འདུག་རྦད་དེ་ཉུང་དུ་ཕྱིན་ཡོད་པའི་པར་རིས་བཅས་ཡིན། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༤༢༣ ཀློག་གྲངས།