ཧོང་ཀོང་ནང་རྒྱ་ནག་གི་འབྲེལ་མཐུད་འགན་འཛིན་གསར་པ་བསྐོ་གཞག་བྱས་འདུག 

ཧོང་ཀོང་ནང་མང་གཙོའི་ལས་འགུལ་སྤེལ་འགོ་བཙུགས་ནས་ཟླ་བ་༦ ལྷག་འགྲོ་བཞིན་པའི་སྐབས་དེར། གྲོང་ཁྱེར་དེར་རྒྱ་ནག་གཞུང་གི་ཧོང་ཀོང་འབྲེལ་མཐུད་ལས་ཁང་གི་འགན་འཛིན་རྙིང་པ་འཕོ་འགྱུར་བཏང་ནས། ཚབ་ཏུ་ཧོང་ཀོང་དང་ཕྱི་སྲིད་ལས་དོན་ཐོག་ཉམས་མྱོང་མེད་པའི་འགན་འཛིན་གསར་པ་ཞིག་བསྐོ་གཞག་བྱས་འདུག 

ཟླ་༡ པོའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ཚེས་༤ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས། ཕྱི་ལོ་༢༠༡༧ ལོའི་ཟླ་༩ པ་ནས་ཧོང་ཀོང་ནང་དུ་རྒྱ་ནག་གཞུང་གི་ཧོང་ཀོང་འབྲེལ་མཐུད་ལས་ཁང་གི་འགན་འཛིན་ཝང་ཀྲེ་མན་ལས་གནས་ནས་འཕོ་འགྱུར་བཏང་ཡོད་པ་དང་། ཚབ་ཏུ་ལོ་ན་༦༥ སོན་པའི་ལའོ་ཧུ་ནན་བསྐོ་གཞག་བྱས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་ལས། རྒྱུ་མཚན་གང་ཡིན་གསལ་པོ་བརྗོད་མེད་འདུག དེ་ཡང་ཧོང་ཀོང་ནང་ལོ་སྔོན་མའི་ཟླ་བ་༦ པ་ནས་བཟུང་མང་གཙོའི་ལས་འགུལ་སྤེལ་བཞིན་ཡོད་ཁར། ལོ་སྔོན་མའི་ཟླ་༡༡ པའི་ཚེས་༢༤ ཉིན་ཧོང་ཀོང་གི་རྫོང་ཁག་མི་འདྲ་བ་༡༨ ཀྱི་གྲོས་ཚོགས་འོས་བསྡུར། རྫོང་༡༧ གྱི་གྲོས་ཚོགས་ནང་དུ་མང་གཙོར་རྒྱབ་སྐྱོར་བྱེད་མཁན་ཚོར་རྐུབ་སྟེགས་མང་ཆེ་བ་ཐོབ་ནས། རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཕམ་ཁ་ཆེན་པོ་བྱུང་ཡོད་པ་དང་། སྐབས་དེར་མིང་འདོན་མ་བྱས་པའི་རྒྱ་ནག་གི་ལས་བྱེད་གཅིག་གིས་དབྱིན་ཡུལ་གྱི་གསར་ཤོག་རེའུ་ཊར་ལ། ཧོང་ཀོང་ནང་གི་རྒྱ་ནག་འབྲེལ་མཐུད་ལས་ཁང་གིས་གྲོང་ཁྱེར་དེའི་གནས་སྟངས་དང་། མི་མང་གི་བསམ་བློ་རྟོག་ཐུབ་མེད་པས། དེའི་འགན་འཛིན་ཝང་འཕོ་འགྱུར་གཏོད་སྲིད་སྐོར་བརྗོད་ཡོད་འདུག སྐབས་དེར་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་གནས་ཚུལ་དེ་ནི་རྫུན་མ་ཡིན་སྐོར་བསྒྲགས་པ་དང་། ཁོང་གིས་ཀྱང་ཧོང་ཀོང་གཞུང་དང་ཉེན་རྟོག་པར་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་ཐོག ལས་ཁུར་མུ་མཐུད་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ཐེངས་འདིར་ཝང་འཕོ་འགྱུར་བཏང་ཡོད་པ་དང་། ཁོང་ནི་ད་བར་འབྲེལ་མཐུད་ལས་ཁང་དེའི་འགན་འཛིན་ལས་ཡུན་ཐུང་ཤོས་དེ་ཆགས་འདུག 

རྒྱ་ནག་འབྲེལ་མཐུད་ལས་ཁང་གི་འགན་འཛིན་གསར་པ་ལའོ་ནི་དེ་སྔོན་ཆིང་ཧྭ་ཞིང་ཆེན་ཞིག་གི་སྤྱི་ཁྱབ་དཔོན་བྱེད་མྱོང་ཡོད་པ་དང་། ལོ་སྔོན་མའི་ཟླ་༡༢ པའི་ཚེས་༢༨ ཉིན་ཁོང་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་དཔལ་འབྱོར་ཚོགས་ཆུང་གི་ཚོགས་གཞོན་ཏུ་བསྐོ་གཞག་བྱས་ཡོད་པ་དང་། ལས་ཁུར་བླངས་ནས་བདུན་ཕྲག་གཅིག་རྗེས་སུ་ཧོང་ཀོང་དུ་རྒྱ་ནག་འབྲེལ་མཐུད་ལས་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱས་འདུག ཟླ་༡ པོའི་ཚེས་༦  ཉིན་ཧོང་ཀོང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། ཁོང་གིས་རང་ཉིད་རྒྱ་ནག་སྐམ་ས་ཆེན་མོར་ལས་ཀ་བྱས་ཡོད་ཀྱང་། ཧོང་ཀོང་ཐོག་རྒྱུས་མངའ་མེད་མཁན་མིན་པ་དང་། ལས་དོན་གསར་པ་དེར་ཧུར་བརྩོན་བྱེད་རྒྱུ་ཡིན། ཧོང་ཀོང་གཞུང་དང་མི་མང་གིས་ཧུར་བརྩོན་བྱས་ཏེ་རྒྱ་ནག་གི་རྩ་ཁྲིམས་དང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་གཉིས་གྲོང་ཁྱེར་ནང་དུ་ལག་བསྟར་འཐུས་ཚང་བྱེད་ཐུབ་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཧོང་ཀོང་ནང་རྒྱུན་རིང་པོར་ཞི་འཇམ་ངང་ལག་བསྟར་བྱས་ཏེ། ཧོང་ཀོང་ནང་རྒྱུན་རིང་པོར་བརྟན་ལྷིང་དང་འཕེལ་རྒྱས་ཡོང་ཐུབ་རྒྱུའི་ཡིད་ཆེས་དང་གདེང་ཚོད་ཡོད་སྐོར་བརྗོད་འདུག སྐད་ཆ་བཤད་ཚར་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་མ་བྱས་པར་ཕྱིར་ཐོན་འདུག 

ཧོང་ཀོང་ནང་གི་རྒྱ་ནག་དཔྱད་བརྗོད་པ་རྒན་གྲས་ཤིག་གིས། རྒྱ་ནག་གཞུང་གི་ཐག་གཅོད་དེ་ནི་སྲིད་བྱུས་གཏན་དུ་འགྱུར་བ་བཏང་བ་ཞིག་མིན་ཁར། དེ་ནི་ཐབས་བྱུས་འགྱུར་བ་བཏང་བ་ཞིག་ཡིན་པ་དང་། དེ་ཡང་འདས་པའི་ཟླ་བ་དྲུག་རིང་ཉེན་རྟོག་པའི་དབང་ཆ་ལོག་སྤྱོད་དང་དྲག་སྤྱོད་སོགས་ལ་རྒྱབ་སྐྱོར་བྱས་པའི་ཐབས་བྱུས་དེ་མུ་མཐུད་ལག་བསྟར་བྱས་ན་འགྲིག་གི་མེད། ཐབས་བྱུས་དེར་ཧོང་ཀོང་མི་མང་གིས་ངོ་རྒོལ་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པས། སྲིད་བྱུས་གནས་སྐབས་རིང་འགྱུར་བ་གཏོང་བ་ཡིན་པ། འབྲེལ་མཐུད་ལས་ཁང་གི་འགན་འཛིན་གསར་པ་དེ་དཔལ་འབྱོར་ལས་དོན་གྱི་རྒྱབ་ལྗོངས་ཡོད་པས། མི་མང་གི་འཚོ་བའི་ཐད་དམིགས་བཀར་འཛིན་སྲིད་པ་དང་། རྒྱ་ནག་གི་མཁྲེགས་འཛིན་སྲིད་བྱུས་དེ་འགྱུར་བ་གཏོང་སྲིད་མིན་མུ་མཐུད་བལྟ་རྒྱུ་ལྷག་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༦༣༦ ཀློག་གྲངས།