ཨ་རི་དང་ཨེ་རན་གྱི་འགལ་ཟླ་ཛ་དྲག་ཏུ་འགྱུར་བཞིན་པར་འཛམ་གླིང་གི་སེམས་འཚབ། 

ཨ་རི་དང་ཨེ་རན་གྱི་འགལ་ཟླ་དེ་རིམ་པ་གསར་པ་ཞིག་ལ་བསླེབས་ནས་ཛ་དྲག་ཏུ་འགྱུར་བཞིན་ཡོད་སྟབས། འཛམ་གླིང་རྒྱལ་ཁབ་རྣམས་ཀྱིས་ཕྱོགས་གཉིས་ཀར་གྲོས་མོལ་བྱས་ཏེ་དམག་འཁྲུག་མི་ཡོང་བའི་འབོད་སྐུལ་དང་། དམག་འཁྲུག་གི་ཉེན་ཁའི་ས་ཁུལ་དུ་ཡོད་པའི་མི་སེར་རྣམས་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་འདྲེན་པའི་འཆར་གཞི་འཐེན་གྱིན་ཡོད་འདུག

དེ་ཡང་བདུན་ཕྲག་གོང་མར་ཨ་རིས་ཨེ་རན་གྱི་དམག་སྤྱི་ཆེན་མོ་ཞིག་ཨེ་རག་ཏུ་བསད་པའི་རྗེས་སུ། ཨེ་རན་གྱིས་འཁོན་ལན་སློག་རྒྱུ་ཡིན་པའི་འཇིགས་སྐུལ་དྲག་པོ་བྱས་པ་ལྟར། དེ་རིང་རེས་གཟའ་ལྷག་པའི་ཞོགས་པར་ཨེ་རན་གྱིས་དངོས་སུ་ཨེ་རག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་དམག་སྒར་གཉིས་ལ་མ་མཐར་ཡང་མེ་ཤུགས་འཕུར་མདའ་བཅུ་ལྷག་འཕངས་པ་དང་། དེ་ནི་དམག་སྤྱི་ཆེན་མོ་ཁོ་སཱམ-སོལ་མ་ནཱ་(Qassem Soleimani)བསད་པའི་ཤ་ལན་ཡིན་སྐོར་བསྒྲགས་འདུག 

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཋོའུ་ཋར་དྲ་བའི་ཐོག་ཏུ་གཏམ་ཞིག་བསྐུར་བའི་ནང་། ད་ལྟ་ཨ་རིའི་ཕྱོགས་ནས་ཤི་རྨས་དང་གཏོར་སྐྱོན་ལ་རྟོག་ཞིབ་བྱེད་པའི་སྒང་ཡིན་པ་དང་། ཨ་རི་ལ་འཛམ་གླིང་སྟེང་གི་གོ་མཚོན་དང་སྟོབས་ཆེ་ཤོས་ཀྱི་དམག་ཡོད། ད་ཐེངས་ཀྱི་གནས་ཚུལ་དང་འབྲེལ་བའི་གཏམ་བཤད་དེ་སང་ཉིན་ཞོགས་པར་སྤེལ་རྒྱུ་ཡིན་པ་བཅས་བཤད་ཡོད་འདུག 

ཨ་རི་དང་ཨེ་རན་གྱི་འགལ་ཟླ་འདི་ལྟར་ཇེ་ཆེ་ནས་ཛ་དྲག་ཏུ་འགྱུར་བའི་སྐབས་འདིར། འཛམ་གླིང་རྒྱལ་ཁབ་གཞན་རྣམས་ཀྱིས་རྒྱལ་ཁབ་གཉིས་ལ་སླར་ཡང་ཕྱིར་གྲོས་མོལ་གྱི་ལམ་དུ་ཞུགས་དགོས་པའི་འབོད་སྐུལ་ཞུ་བ་དང་སྦྲགས། སོ་སོའི་མི་སེར་རྣམས་ཀྱི་བདེ་འཇགས་ཆེད་དུ་ཁོ་ཚོ་ཕྱིར་རང་ཡུལ་དུ་འདྲེན་པའི་འཆར་གཞི་འཐེན་མུས་སུ་ཡོད་འདུག

དེ་ཡང་ཨེ་རན་གྱི་ཕར་རྒོལ་དེ་བྱུང་རྗེས། ཉི་ཧོང་གིས་སྲིད་གཞུང་རྣམས་ལ་ཨ་ཨེན་གྱི་འགལ་ཟླ་ཆུང་དུ་གཏོང་བར་ནུས་ཤུགས་ཡོད་དགུ་འདོན་དགོས་པའི་སྐུལ་མ་བཏང་བ་མ་ཟད། སྲིད་བློན་ཤིན་ཟོ-ཨ་བྷེ་(Shinzo Abe)བདུན་ཕྲག་འདིའི་གཟའ་མཇུག་ལ་ཨ་རབ་ཀྱི་ཡུལ་གྲུ་ཁག་ཏུ་སྐྱོད་པའི་ལས་འཆར་དེའང་ཕྱིར་འཐེན་བྱེད་རྒྱུ་ཡིན་འདུག 

དེ་བཞིན་ཉི་ཧོང་བློོན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པས་“ང་ཚོའི་གཞུང་ནས་འབྲེལ་ཡོད་ཀྱི་སྲིད་གཞུང་རྣམས་དང་ལྷན་དུ་གནས་ཚུལ་མཁོ་བསྡུ་བྱེད་པ་དང་ཆབས་ཅིག ས་ཁུལ་དེ་གའི་ཉི་ཧོང་གི་མི་སེར་ཚོའི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད་”ཅེས་སྨྲས་པའི་ཐོག ཉི་ཧོང་གིས་ཨེ་རན་གྱི་ཉེ་འཁོར་དུ་ཡོད་པའི་མཚོ་ཁུག་ནས་རྒྱུ་བཞིན་པའི་ཉི་ཧོང་གི་མཚོ་གྲུ་དང་སྣུམ་གྲུ་རྣམས་སྲུང་སྐྱོབ་ཆེད། དམག་གྲུ་ཞིག་ཀྱང་གཏོང་རྒྱུ་ཡིན་འདུག 

ད་ཐེངས་ཀྱི་ཕར་རྒོལ་དེ་བྱུང་རྗེས། ཨོ་སི་ཁྲུ་ལི་ཡའི་སྲིད་བློན་གྱིས་ཨེ་རག་ཏུ་ཡོད་པའི་ཨོ་སི་ཁྲུ་ལི་ཡའི་དམག་མི་དང་འགོ་ཁྲིད་ཡོངས་རྫོགས་བདེ་འཚམས་ཡིན་པ་དང་། ཁོང་གིས་རེས་གཟའ་མིག་དམར་ཉིན་ཁ་པར་བརྒྱུད་དེ་ཨ་རིའི་སྲིད་འཛིན་ཊོམ་དང་མཉམ་དུ་ཨ་ཨེན་གྱི་གནས་སྟངས་སྐོར་གླེང་མོལ་བྱས་པའི་སྐོར་བརྗོད་ཡོད་འདུག 

གཞན་ཡང་། ཧྥི་ལི་ཕིན་ཕྱི་སྲིད་ལས་ཁུངས་ནས་ཨེ་རག་ཏུ་ཡོད་པའི་སོ་སོའི་མི་སེར་རྣམས་ཕྱིར་ལོག་དགོས་པའི་བཀའ་བཏང་བ་མ་ཟད། གསར་དུ་ཧྥ་རན་སིའི་ལག་ནས་ཉོས་ཏེ་ཕྱིར་ཡོང་བཞིན་པའི་མཚོ་གྲུ་ཞིག་ལ། དཀྱིལ་ཤར་ཡུལ་གྲུ་ཁག་གི་མཚོ་ཁུག་ཏུ་འགྲོ་དགོས་པ་དང་། དེ་ནས་ཕྱིར་ལོག་བྱེད་བཞིན་པའི་མི་སེར་རྣམས་དབོར་འདྲེན་བྱེད་དགོས་པའི་བཀའ་ཕབ་ཡོད་འདུག 

ད་དུང་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་སོ་སོའི་མི་སེར་རྣམས་ཨེ་རག་ཏུ་འགྲོ་མི་ཉན་པ་དང་། སྔོན་ནས་དེར་ཡོད་པ་རྣམས་ཀྱིས་དོགས་ཟོན་ནན་པོ་བྱས་ཏེ་སོ་སོའི་གཞུང་ཚབ་ཁང་དང་འབྲེལ་ཐག་ཟབ་མོ་ཉར་དགོས་པའི་བཀའ་བཏང་ཡོད་འདུག་པའི་ཐོག  དེ་དག་མིན་པའི་འཛམ་གླིང་གི་རྒྱལ་གཞན་རྣམས་ཀྱིས་ཀྱང་འབྲེལ་ཡོད་རྒྱལ་ཁབ་གཉིས་ལ་གྲོས་མོལ་བསྟེན་ནས་འགལ་ཟླ་སེལ་དགོས་པ་ལས་དམག་འཁྲུག་ལ་འཇུག་མི་ཉན་པའི་འབོད་སྐུལ་བཏང་ཡོད་འདུག

དམག་ཆེན་གཉིས་པའི་གོང་དུ། ཨ་རི་དང་ཨེ་རན་གྱི་འབྲེལ་ལམ་དེ་མཛའ་བརྩེའི་འབྲེལ་བ་ཡིན་འདུག་མོད། འོན་ཀྱང་ཕྱི་ལོ་༡༩༥༣ ལོར་ཨ་རིའི་གསང་བའི་ལས་ཁུངས་དང་དབྱིན་ཇིའི་གསང་བའི་ལས་ཁུངས་མཉམ་འབྲེལ་གྱི་གཡོ་བྱུས་འོག་ནས་ཨེ་རན་གྱི་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་སྲིད་བློན་གནས་དབྱུང་བཏང་རྗེས། རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་དེ་ཟམ་མ་ཆད་པར་གནས་ནས་ད་ལྟ་བར་བསླེབས་པ་ཡིན་འདུག་ཅིང་། འགལ་ཟླ་འདི་ལ་བརྟེན་ནས་དམག་འཁྲུག་ཆེན་པོ་ཞིག་ལང་སྲིད་པའི་སེམས་འཚབ་དང་འཇིགས་སྣང་བྱེད་མཁན་ཡང་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༧༥༩ ཀློག་གྲངས།