རང་རྐྱ་འཕེར་བའི་སྨན་རྩིས་ཁང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༥  ཕྱི་ལོ་ ༢༠༢༠/༠༡/༠༨

ཕྱི་ལོ་༢༠༢༠ ཟླ་༡ ཚེས་༣ ཉིན་བོད་ཀྱི་སྨན་རྩིས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྐབས་དེར་བོད་ཀྱི་སྨན་རྩིས་ཁང་གི་ལས་འཆར་གལ་གནད་ཆེ་བ་ཁག་ཅིག་གི་སྐོར་དང་། རྒྱ་གར་གཞུང་གིས་གསོ་བ་རིག་པ་ཁྲིམས་ཐོག་ནས་ངོས་འཛིན་བྱུང་ཡང་། “ད་ཆ་བོད་ཀྱི་གསོ་བ་རིག་པ་ཞེས་སྨན་རྩིས་ཁང་ཟུར་དུ་འཇོག་ཐབས་ལྟ་བུ་དང་། ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་གཙོ་བོ་ལ་དྭགས་ཀྱིས་མཚོན་པའི་ཧི་མ་ལ་ཡ་རི་རྒྱུད་ནས་འབད་བརྩོན་དང་རྒྱ་གར་ΑΨΥΣΗ ནས་ཁ་ཡ་བྱེད་ཀྱི་ཡོད་པ་དེར་མཐའ་གཅིག་ཏུ་བློ་ཕམ་དང་ངོ་རྒོལ་ཡོད། གལ་ཏེ་སྨན་རྩིས་ཁང་ནས་བྱེད་བཞིན་པ་དེ་བོད་ཀྱི་གསོ་བ་རིག་པ་དང་། སྨན་རྩིས་ཁང་གི་ལས་དོན་མ་ཡིན་པའི་ཧི་མ་ལ་ཡའི་གསོ་བ་རིག་པ་ཞེས་པ་ཞིག་མཛུབ་སྟོན་བྱ་རྒྱུ་ཡོད་ན་དེ་ལྟར་གནང་དགོས་པ་ལས་དེ་མིན་ཁུངས་གཅིག་ལ་རོགས་རམ་རག་ཐབས་དང་། ཁུངས་གཅིག་ལ་རོགས་རམ་འགྲོ་མ་དགོས་པ་འབད་བརྩོན་བྱེད་པ་སོགས་མི་འགྲིག”ཅེས་གསུངས་ཡོད་པ་རེད། རྩ་བས་གནད་དོན་དེ་ནི་བསམ་བློ་གཏོང་དགོས་པ་དང་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད། 

བོད་གཞུང་སྨན་རྩིས་ཁང་ངམ་བོད་ཀྱི་སྨན་རྩིས་ཁང་ནི། བཙན་བྱོལ་ནང་༧གོང་ས་མཆོག་གིས་དགོངས་གཞི་རླབས་ཆེན་པོ་ཞིག་གི་ཐོག་ནས་བཙུགས་པའི་སྒྲིག་འཛུགས་རྙིང་ཤོས་གྲས་ཡིན་པ་དང་། སྔོན་མ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་ལྷ་སར་བཙུགས་པའི་སྨན་རྩིས་ཁང་གི་རྒྱུན་མཐུད་པ་ཞིག་ཀྱང་རེད། ད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རང་སྐྱོང་དང་ཟུར་སྐྱོང་གི་སྡེ་ཚན་མང་པོ་ཞིག་ཡོད་པའི་ནང་ནས། བོད་ཀྱི་སྨན་རྩིས་ཁང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་སྲ་ཐག་ཐག་འཚོ་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད། སྨན་རྩིས་ཁང་ནས་ཐོན་པའི་སྨན་པ་རྣམས་ལ་མཚོན་ན་སྨན་བཅོས་ལ་བརྟེན་ནས་གཞུང་སྒེར་གང་ཐད་ནས་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་རླབས་ཆེན་ཞུ་མཁན་འབའ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་ཆོག ད་དུང་བོད་ཀྱི་སྲོལ་རྒྱུན་སྨན་པའི་སློབ་གསོ་ཐོབ་མྱོང་མཁན་དག་ལ་མཚོན་ན་ནད་པ་ལ་བཀའ་མོལ་གནང་སྟངས་དང་། གཟིགས་སྐྱོང་བྱེད་སྟངས་ཁོ་ནའི་ཐོག་ནས་ཀྱང་གཞུང་ལུགས་ལས་བྱུང་བའི་ལག་ལེན་མང་པོ་ཞིག་དུས་རྒྱུན་ལག་བསྟར་གནང་གི་ཡོད་པ་ཤེས་ཐུབ་ཀྱི་ཡོད། 

ད་ལྟའི་ཆར་བརྟག་དཔྱད་དང་བཤའ་བཅོས་སོགས་ཚན་རིག་དང་འབྲེལ་བའི་ཐོག་ནས་དེང་དུས་ཕྱི་ལུགས་ཀྱི་སྨན་བཅོས་ལྟ་བུའི་འཕེལ་རྒྱས་འགྲོ་ཐུབ་མེད་ནའང་། ནད་རིགས་མང་པོ་ཞིག་ལ་ཕྱི་ལུགས་ཀྱིས་སྨན་བཅོས་མ་ཐུབ་པ་དེ་འདྲའང་བོད་སྨན་གྱིས་བཅོས་ཐུབ་པ་དང་། ནད་གཅིག་ལ་ཕན་ཡང་གཅིག་ལ་གནོད་པ་ལྟ་བུའི་ཞོར་སྐྱོན་ཡོད་པ་མ་ཡིན་པར། དེང་དུས་འཕྲུལ་ཆས་ཀྱི་བརྟག་དཔྱད་དང་བོད་སྨན་གྱི་བཅོས་ཐབས་གཉིས་ཟུང་དུ་འབྲེལ་བའི་སྨན་བཅོས་ལག་ལེན་ཞིག་ད་ལྟའི་ཆར་དར་བཞིན་ཡོད་པའང་། བོད་ཀྱི་གསོ་བ་རིག་པའི་འཕེལ་རིམ་གསར་པ་ཞིག་དང་། མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཡིན་པ་སྨོས་མེད་རེད། རྒྱ་གར་གཞུང་གི་ངོས་ནས་གསོ་བ་རིག་པ་ཁྲིམས་ཐོག་ནས་ངོས་འཛིན་ཐོབ་ནས། དེ་དང་འབྲེལ་བའི་མཐུན་རྐྱེན་ཁག་རག་མི་ཐུབ་པའི་གནས་སྟངས་ཡོང་གི་ཡོད་ན། ཐོག་མ་རྒྱ་གར་གཞུང་གིས་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་དང་སྨན་སྦྱོར་སྡེ་ཚན་སོགས་སུ་ཞིབ་འཇུག་བྱས་ནས་ཐོབ་པ་ཞིག་ཡིན་པས། ཕྱོགས་གཅིག་ནས་བློ་ཕམ་གྱི་རང་བཞིན་ཞིག་ཏུ་གྱུར་ཡོད། 

ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་རིམ་པ་ནས་བཟུང་འཛིན་སྐྱོང་གི་ལས་བྱེད་རིམ་པ་དང་། ལྷག་པར་དུ་སྨན་པ་མང་པོ་ཞིག་གིས་སྐུ་ངལ་བསྐྱོན་པ་ལ་བརྟེན་ནས། ད་ལྟའི་ཆར་སྨན་རྩིས་ཁང་ནི་རྒྱལ་སྤྱིའི་སྟེང་དུ་ཤུགས་རྐྱེན་ཡོད་པའི་སྒྲིག་འཛུགས་ཤིག་ཏུ་གྱུར་ཡོད་པ་དང་། བོད་སྨན་བཟོ་སྐྲུན་དང་སྨན་བཅོས་ལ་བརྟེན་ནས་སྒྲིག་འཛུགས་གྲ་རྒྱས་ཕུན་སུམ་ཚོགས་པའི་ཐོག་ནས་རྒྱུན་གནས་ཐུབ་པ་མ་ཟད། སྤྱི་ཚོགས་ནང་ཕན་ཐོགས་ཧ་ཅང་ཆེ་བའི་སྒྲིག་འཛུགས་ཤིག་ཏུ་གྱུར་ཡོད་པས། ད་བར་ལས་དོན་འདི་དག་ཡར་རྒྱས་ཡོང་བར་ཤུགས་རྒྱག་ཐུབ་ན་དེ་ཙམ་གྱི་དཀའ་ངལ་ཆེན་པོ་ཞིག་ཀྱང་མ་རེད། འོན་ཀྱང་གནད་དོན་འདི་འདྲའི་སྐབས་སུ་སྨན་རྩིས་ཁང་རང་ནས་གསོ་སྐྱོང་བྱས་པའི་སྨན་པ་དེ་འདྲའི་ནང་དུའང་། ལྡོག་ཕྱོགས་ནས་ཤུགས་རྐྱེན་སྤྲོད་མཁན་ཡོད་མི་སྲིད་པ་མིན་པས། མ་འོངས་པར་མི་སྣ་གསོ་སྐྱོང་བྱེད་སྟངས་ཀྱི་ཐོག་ལ་དགོངས་པ་ཡག་པོ་ཞིག་བཞེས་མ་ཐུབ་ན། ར་རང་སྤུ་བྲེགས་པའི་འུར་རྡོ་དེ། དུས་ཐ་མ་རང་མགོ་གཅོག་བྱེད་རེད། ཅེས་པ་ལྟ་བུའང་ཡོང་ཉེན་ཡོད་པ་དེར་ཐུགས་གཟབ་གནང་གལ་དུ་མཐོང་། 

མདོར་ན་ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་། དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་མིག་དཔེར་འོས་པ་དང་། གཟེངས་སུ་ཐོན་པའི་རང་སྐྱོང་སྡེ་ཚན་ཞིག་ཏུ་གྱུར་ཡོད་ཅིང་། མ་འོངས་པར་ཡང་འཕེལ་ཕྱོགས་དེ་མི་ཉམས་པར་གནས་ཐུབ་དགོས་པ་ནི་གལ་ཆེ་ཤོས་སུ་གྱུར་ཡོད། གཞན་བོད་པ་དང་ཆོས་དང་རིགས་ཀྱི་འབྲེལ་བ་ཡོད་པ་མང་པོ་ཞིག་གིས་བཙན་བྱོལ་བོད་མི་ལ་དཀའ་ངལ་སྤྲད་པའི་ལོ་རྒྱུས་ས་གནས་གང་སར་ཅུང་ཙམ་རེ་ཡོད་པ་དང་། དེ་ནི་བོད་པ་རང་གི་རིགས་དེས་བྱས་པ་ཞིག་ཏུ་གྱུར་མེད་དམ་སྙམ། དཔེར་ན་བཙན་བྱོལ་སྤྱི་ཚོགས་ནང་དགྲ་བོ་རྒྱ་ལ་གུ་ཡངས་དང་དབུ་མའི་ལམ་གྱི་ཐོག་ནས་མཉམ་གནས་བྱེད་རྒྱུར་དཀའ་ངལ་གང་ཡང་མེད་ཚུལ་བཤད་མཁན་དག་གིས། བོད་པ་ནང་ཁུལ་དང་ད་དུང་དབུ་མའི་ལམ་གྱི་ལངས་ཕྱོགས་གཅིག་པ་ནང་ཕན་ཚུན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་སྟངས་འདི་ལ་བལྟས་ན། བོད་རིགས་འདི་ཤོད་རྒྱུན་དུ་རིགས་ངན་ཁ་སྤུ་ནང་ལ་སྐྱེས། ཉམ་ཆུང་ཁོང་ཁྲོ་ནང་ལ་ཟ་ཞེས་པ་ལྟ་བུ་འདི་ལས་དབང་ཁོ་ན་རེད་ཅེས་བརྗོད་ན་དགའ་སྙམ།།

Share this:
༣༧༩ ཀློག་གྲངས།