གདུག་རྩུབ་དྲག་པོའི་བཙན་གཡེམ་གྱི་ཉེས་ཅན་པ་བཞི་ལ་སྲོག་ཁྲིམས་བཅད་འདུག 

ལོ་ངོ་བདུན་གྱི་ཡར་སྔོན་ཏེ། ཕྱི་ལོ་༢༠༡༢ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ལོ་ན་༢༣ ལ་སོན་པའི་སློབ་མ་ཞིག་ལ་གདུག་རྩུབ་དྲག་པོའི་བཙན་གཡེམ་གཏོང་མཁན་གྱི་ཉེས་ཅན་པ་བཞི་ལ་ཁྲིམས་ཁང་གིས་སྲོག་ཁྲིམས་བཅད་ཡོད་འདུག
ཕྱི་ཟླ་༡ ཚེས་༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ༢༠༡༢ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བུད་མེད་ཅིག་ལ་སྤྱི་སྤྱོད་རླངས་འཁོར་ཐོག་བཙན་གཡེམ་བྱེད་མཁན་གྱི་ཉེས་ཅན་པ་བཞི་དམར་གསོད་གཏོང་བའི་ཁྲིམས་ཐག་བཅད་འདུག་ཅིང་། ཁོ་ཚོ་དངོས་སུ་སྐེ་འདོགས་པའི་དུས་ཚོད་ནི་ཕྱི་ཟླ་༡ ཚེས་༢༢ གྱི་ཞོགས་པའི་ཆུ་ཚོས་༧ དང་། འདོགས་ཡུལ་ནི་རྒྱ་གར་གྱི་བཙོན་ཁང་ཆེ་ཤོས་ཏེ། ཏཱ་ཧར་བཙོན་ཁང་(Tihar Jail)དུ་གཏན་ཁེལ་བྱས་ཡོད་འདུག 

སྤྱིའི་ཆ་ན་བཤད་ན། ཁྲིམས་ཐག་འདིར་བསྐྱར་ཞིབ་བྱེད་པའི་དུས་ཚོད་ཡོལ་ཟིན་ཡང་། ཉེས་ཅན་པ་བཞི་པོས་ད་དུང་ཡང་ཉིན་༡༤ ནང་ཚུན་ལ་ཁྲིམས་ཐག་དེ་མི་འགྲིག་པའི་ཞུ་གཏུག་བྱེད་ཆོག་འདུག་ཅིང་། གལ་སྲིད་ཞུ་གཏུག་དེ་ལེགས་འགྲུབ་བྱུང་བ་ཡིན་ན། རྒྱ་གལ་ཆེས་མཐོའི་ཁྲིམས་ཁང་དུ་འགྲོ་རྒྱུ་ཡིན་འདུག 

དེ་ཡང་སྲོག་ཁྲིམས་འདི་ཐོག་མར་ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༩ པའི་ནང་བཅད་པ་ཡིན་འདུག་ཀྱང་། རྒྱ་གར་གྱི་ཁྲིམས་ནང་བརྒྱུད་རིམ་རིང་པོ་ཞིག་བརྒྱུད་དགོས་པས་འདི་ལོ་གཞི་ནས་དངོས་སུ་ལག་བསྟར་བྱེད་འཆར་ཡོད་འདུག 

ངན་གྲགས་ཆེ་བའི་བཙན་གཡེམ་གྱི་དོན་རྐྱེན་དེའི་ནང་། ཐོག་མར་ཉེས་ཅན་པ་དྲུག་ཡོད་འདུག་ཀྱང་། མི་གཅིག་ཕྱི་ལོ་༢༠༡༣ ལོར་བཙོན་ཁང་དུ་རང་ཤི་བརྒྱབས་འདུག་པ་དང་། ཡང་གཞན་ཞིག་ཉེས་དོན་དེ་བྱུང་བའི་སྐབས་ལོ་༡༧ ཡིན་པས། ལོ་གསུམ་རིང་ན་ཆུང་གི་བཙོན་ཁང་(Juvenile) དུ་ཉར་རྗེས་གློད་གྲོལ་བཏང་ཡོད་འདུག 

ཉེན་རྟོག་པས་བརྗོད་པ་ལྟར་ན། ཉེས་ཅན་པ་དྲུག་པོས་མཚན་དཀྱིལ་དུ་གློག་བརྙན་ཁང་ནས་ཕྱིར་ནང་དུ་ལོག་བཞིན་པའི་བུད་མེད་དེ་སྤྱི་སྤྱོད་རླངས་འཁོར་ནང་བཞག་སྟེ་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་གྲོང་ཁྱེར་ནང་སྐོར་བ་བརྒྱབས་པ་དང་། ཁོ་ཚོས་མོ་ལ་རེས་མོས་ཀྱིས་བཙན་གཡེམ་བཏང་བ་མ་ཟད། གདུག་རྩུབ་ཆེན་པོོས་མོའི་མཚན་མའི་ནང་དུ་ལྕགས་དབྱུག་བརྫངས་པ་དང་། མོའི་རོགས་པ་ཕོ་སར་དེར་ཉེས་རྡུང་དྲག་པོ་བྱས་རྗེས། ལམ་གྱི་གཞོགས་སུ་གཡུགས་ནས་ཕྱིན་ཡོད་འདུག 

བུད་མེད་དེའི་རྨས་སྐྱོན་ཤིན་ཏུ་ཚབས་ཆེ་བས། གཤག་བཅོས་བྱས་ཏེ་ནང་འཁྲུལ་འགའ་ཤས་བླངས་ཀྱང་། བདུན་ཕྲག་གཉིས་ཀྱི་རྗེས་སུ་སིན་གྷར་པུར་གྱི་སྨན་ཁང་ཞིག་ཏུ་ཤི་ཡོད་འདུག 

བདུན་འདིའི་རེས་གཟའ་མིག་དམར་ཉིན་ཁྲིམས་ཁང་གིས་ཉེས་ཅན་པ་བཞི་པོ་སྲོག་ཐོག་གཏོང་བའི་ཁྲིམས་ཐག་དེ་དངོས་སུ་ལག་བསྟར་བྱེད་རྒྱུའི་བཀའ་བཏང་བ་ན། བུད་མེད་དེའི་ཨ་མ་སེམས་ཚོར་དྲག་པོས་ངུས་པ་དང་། ཁྲིམས་ཁང་གི་ཕྱི་ལ་འདུས་པའི་གསར་འགོད་པ་ཚོར་“ངའི་བུ་མོ་ལ་ད་ལྟ་གཞི་ནས་དྲང་བདེན་ཐོབ་སོང་”ཞེས་བཤད་འདུག་ལ། དེ་བཞིན་ཁོ་ཚོའི་ཁྱིམ་ཚང་གི་ཁྲིམས་རྩོད་པས་“ཐག་གཅོད་འདིས་མ་འོངས་པར་འདི་འདྲའི་དོན་རྐྱེན་མི་ལྷགས་པར་སྔོན་འགོག་བྱེེད་ཐུབ་”ཅེས་སྨྲས་ཡོད་འདུག 

ལོ་ངོ་བདུན་གྱི་གོང་གི་གདུག་རྩུབ་དྲག་པོའི་བཙན་གཡེམ་གྱི་དོན་རྐྱེན་འདི་འཛམ་གླིང་ཡོངས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་མདུན་ཤོག་ངོས་སུ་བཀོད་དེ་དོ་སྣང་དང་གླེང་ཤུགས་ཆེན་པོ་བྱུང་བའི་ཁར། རྒྱ་གར་གྱི་སྐྱེས་པ་དང་བུད་མེད་སྟོང་ཕྲག་མང་པོ་སྲང་ལམ་དུ་ཕོ་མོ་དབྱེ་འབྱེད་ཀྱི་ལམ་ལུགས་དང་། བུད་མེད་ལ་བདེ་འཇགས་མེད་པ། སྐྱོན་ཆ་ཆེ་བའི་ཁྲིམས་སོགས་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད།  

ཡིན་ན་ཡང་། དོན་རྐྱེན་དེའི་རྗེས་སུ་ཁྲིམས་ཐོག་ནས་བཙན་གཡེམ་གྱི་ཉེས་ཅད་ལྗི་རུ་བཏང་བ་དང་། འཁྲིག་སྤྱོད་ཀྱི་འཚེ་བའི་སྐོར་ལ་ཤེས་རྟོགས་ཆེ་རུ་ཕྱིན་པར་བརྟེན་ནས་བཙན་གཡེམ་གྱི་དོན་རྐྱེན་ཞུ་གཏུག་དང་བརྒྱུད་འགོད་བྱས་པ་མང་དུ་ཕྱིན་ཡོད་རུང་། ཉམ་ཞིབ་པ་ཚོས་རྒྱ་གར་སྤྱི་ཚོགས་ཀྱི་རྩ་བའི་དཀའ་ངལ་དེ་རང་སོར་གནས་ཡོད་སྐོར་བཤད་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༡༠༥༤ ཀློག་གྲངས།