དབྱིན་ཡུལ་གྲོས་ཚོགས་ནང་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྲོས་མཐུན་ལ་རྒྱབ་སྐྱོར་ཐོབ་འདུག 

དབྱིན་ཡུལ་གྲོས་ཚོགས་ནང་རྙིང་ཞེན་ཚོགས་པར་རྐུབ་སྟེགས་མང་ཤོས་ཐོབ་རྗེས། སྲིད་བློན་བྷོ་རི་སེ་ཇོན་སོན་གྱིས་བཏོན་པའི་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་གྲོས་མཐུན་ཡིག་ཆ་ལ། དགོས་ངེས་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་འདུག་པས། ཟླ་༡ པོའི་ཚེས་༣༡ ཉིན་ནས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་རེད་འདུག 

ཟླ་༡ པོའི་ཚེས་༡༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༩ ཉིན་དབྱིན་ཡུལ་གྱི་གྲོས་ཚོགས་ནང་དུ་གྲོས་ཚོགས་འཐུས་མི་༣༣༠ ཡིས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་གྲོས་མཐུན་ཡིག་ཆར་རྒྱབ་སྐྱོར་བྱས་ནས་མང་མོས་རྒྱབ་སྐྱོར་ཐོབ་འདུག དགག་བྱ་བྱེད་མཁན་གྲོས་ཚོགས་འཐུས་མི་༢༣༡ བྱུང་འདུག་པ་དང་། རྒྱབ་སྐྱོར་བྱེད་མཁན་མི་གྲངས་༣༣༠ ཆ་ཚང་གཞུང་འཛིན་རྙིང་ཞེན་ཚོགས་པའི་ཚོགས་མི་རེད་འདུག 

རྙིང་ཞེན་ཚོགས་པའི་སྐབས་སྔོན་མའི་སྲིད་བློན་ལྕམ་ཐེ་རི་སཱ་མཱེ་ཡིས། གྲོས་ཚོགས་ནང་དུ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་གྲོས་མཐུན་ཐེངས་ཁ་ཤས་བཏོན་ཡོད་ཀྱང་། གྲོས་ཚོགས་ནང་རྙིང་ཞེན་ཚོགས་པར་མང་མོས་རྐུབ་སྟེགས་མེད་པས། མང་མོས་རྒྱབ་སྐྱོར་མ་ཐོབ་ནས་མཐའ་མ་དེར་རང་ཉིད་སྲིད་བློན་གྱི་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་རེད། དེའི་རྗེས་སུ་སྲིད་བློན་གསར་པ་བྷོ་རི་སེ་ཇོན་སོན་གྱིས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་གྲོས་མཐུན་ལ། གྲོས་ཚོགས་ནས་མང་མོས་རྒྱབ་སྐྱོར་ཐོབ་ཆེད་དུ། ཁོང་གི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་དགོས་རྒྱུ་གལ་ཆེན་ཆགས་ཡོད་པས། རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྔ་སྣུར་བྱེད་པའི་གྲོས་འཆར་ཐེངས་བཞི་བཏོན་རྗེས། ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་རྒྱབ་སྐྱོར་བྱས་ཡོད་པ་དང་། ལོ་སྔོན་མའི་ཟླ་༡༢ པའི་ཚེས་༡༢ ཉིན་དབྱིན་ཡུལ་ནང་དུ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་རེད། གྲུབ་དོན་དུ་རྙིང་ཞེན་ཚོགས་པར་རྐུབ་སྟེགས་༣༦༠ ཐོབ་ནས་དགོས་ངེས་མང་མོས་ཀྱི་རྐུབ་སྟེགས་གྲངས་༣༢༦ ལས་མང་བ་ཆགས་ཡོད་པས། ཐེངས་འདིར་ཕྱི་ལོ་༢༠༡༦ ལོར་དབྱིན་ཡུལ་མི་མང་བརྒྱ་ཆ་༥༢ ལྷག་གིས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པར་རྒྱབ་སྐྱོར་གྱིས་འོས་ཤོག་འཕངས་པའི་རྗེས་སུ། ཐེངས་དང་པོར་གྲོས་ཚོགས་ནང་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་གྲོས་མཐུན་ལ་རྒྱབ་སྐྱོར་ཐོབ་ཡོད་པ་རེད། 

ཐེངས་འདིར་གྲོས་ཚོགས་ནས་གྲོས་མཐུན་དེར་རྒྱབ་སྐྱོར་ཐོབ་ཡོད་པས། གྲོས་ཚོགས་གོང་མའི་ནང་གྲོས་མཐུན་དེར་བགྲོ་གླེང་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་བསྐྱར་བཅོས་བྱེད་དགོས་པ་ཐག་གཅོད་བྱུང་ཚེ་གྲོས་ཚོགས་འོག་མའི་ནང་ཕྱིར་ལོག་བྱུང་རྒྱུ་ཡིན་འདུག 

གྲོས་མཐུན་ལྟར་ན་ཟླ་༡ པོའི་ཚེས་༣༡ ཉིན་ནས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་དང་། དེའི་རྗེས་ཀྱི་ཟླ་བ་༡༡ ནི་ཕྱོགས་གཉིས་བར་གྱི་འབྲེལ་ལམ་འགྱུར་བ་གཏོང་བའི་དུས་ཚོད་དུ་བཞག་ཡོད་པས། དེའི་རིང་དབྱིན་ཡུལ་གྱིས་ཡུ་རོབ་མཐུན་ཚོགས་གྱི་སྔོན་རྩིས་ལ་མཐུན་སྦྱོར་དང་སྒྲིག་ཁྲིམས་བརྩི་སྲུང་བྱེད་དགོས་ཀྱི་ཡོད་འདུག དེ་བཞིན་དུས་ཚོད་དེའི་རིང་ཕྱོགས་གཉིས་བར་གྱི་མ་འོངས་པའི་ཚོང་འབྲེལ་སོགས་ཀྱི་ཐོག་གྲོས་མོལ་བྱེད་རྒྱུ་ཡིན་འདུག དབྱིན་ཡུལ་གྱི་ཕྱིར་འཐེན་ལས་དོན་གྱི་བློན་ཆེན་གྱིས། ལོ་འདི་མ་རྫོགས་སྔོན་ནས་དབྱིན་ཡུལ་གྱིས་ཡུ་རོབ་མཐུན་ཚོགས་དང་གྲོས་མོལ་གྱི་ལས་དོན་གྲུབ་འབྲས་ཐོན་རྒྱུའི་གདེང་ཚོད་ཡོད་སྐོར་བརྗོད་འདུག 

ལོ་སྔོན་མའི་འོས་བསྡུ་སྐབས་སུ་དབྱིན་ཡུལ་གྱི་ཆ་ཤས་སུ་ཡིན་པའི་སེ་ཁོཊ་ལན་ཌ་རྒྱལ་ཁབ་ནང་དུ། སེ་ཁོཌ་ལན་ཌའི་རྒྱལ་ཡོངས་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་འདུག་པ་དང་། ཁུལ་དེར་མི་མང་གིས་ཡུ་རོབ་མཐུན་ཚོགས་ནང་དུ་མུ་མཐུད་གནས་རྒྱུར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པས། རྒྱལ་ཁ་ཐོབ་མཁན་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ལྕམ་ནཱི་ཁོ་ལ་སེ་ཊོར་ཇེན་གྱིས། ཁུལ་དེའི་འོས་བསྡུའི་གྲུབ་དོན་གྱིས་དབྱིན་ཡུལ་གྱི་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ཇོན་སོན་གྱི་སྲིད་གཞུང་ལ། སེ་ཁོཊ་ལན་ཌ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་དབང་ཚད་སྤྲད་མེད་པ་གསལ་པོ་ཡིན་པ་དང་། མ་འོངས་པར་རྒྱལ་ཁབ་དེའི་མདུན་ལམ་ཐོག་སོ་སོའི་འདམ་ག་བྱེད་པའི་རྒྱབ་སྐྱོར་ཤུགས་ཆེན་གྱི་རྣམ་པ་ཡང་བསྟན་ཡོད་སྐོར་བརྗོད་འདུག ཐེངས་འདིར་དབྱིན་ཡུལ་གྲོས་ཚོགས་ནང་ཕྱིར་འཐེན་གྱི་གྲོས་མཐུན་ལ་མང་མོས་རྒྱབ་སྐྱོར་ཐོབ་རྗེས། སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཀྱིས་སེ་ཁོཌ་ལན་ཌ་དེ་ནི་རང་བཙན་གྱི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་གཅིག་ཏུ་གནས་འདོད་ཡོད་པས། གྲོས་མཐུན་དེར་ངོས་ལེན་མེད་སྐོར་བརྗོད་འདུག གནད་དོན་དེ་ལ་བརྟེན་ནས་སེ་ཁོཌ་ལན་ཌ་ནང་དུ་དབྱིན་ཡུལ་ནས་ཁ་བྲལ་གྱིས་རང་བཙན་གྱི་རྒྱལ་ཁབ་ཏུ་གནས་དང་མི་གནས་ཆེད་དུ། མང་མོས་འོས་བསྡུ་ཐག་གཅོད་བྱེད་པའི་ངེས་པ་ཆེ་རུ་ཕྱིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༨༡༣ ཀློག་གྲངས།