བོད་མི་ཚོས་རྒྱ་ནག་གཞུང་གིས་བདམས་པའི་ཏཱ་ལའི་བླ་མའི་ཡང་སྲིད་ལ་ངོས་ལེན་བྱེད་ཀྱི་མ་རེད།

ཕྱི་ཟླ་༡ ཚེས་༡༣ ཉིན་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་དུ་རྒྱ་གར་གསར་འགྱུར་ཚན་པ་(Stratnews Global) ཞེས་པའི་གསར་འགོད་པ་སྐུ་ཞབས་ནི་ཏིན་གྷོ་ཀ་ལེ་(Nitin Gokhale) ཡིས་བཅའ་འདྲིར་དང་ལེན་མཛད་པ་དང་། རྒྱ་ནག་གཞུང་གིས་མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་བདམས་པ་ཡིན་ན།  བོད་མི་ཚོས་དེར་མོས་མཐུན་ནམ་ཡང་བྱེད་ཀྱི་མེད་སྐོར་བཀའ་ལན་བསྩལ་འདུག

༧གོང་ས་མཆོག་གིས་བོད་དོན་དང་འབྲེལ་བའི་བཀའ་ལན་གནང་དོན། “རྒྱ་ནག་གཞུང་གིས་ཕྱི་ཚུལ་ཙམ་ལ་བོད་ས་དབང་སྒྱུར་བྱས་ཀྱང་བོད་མིའི་བློ་སེམས་འགུག་ཐུབ་མེད་པ་དང་།  རྒྱ་ནག་གཞུང་གིས་བོད་མིའི་ཐོག་མཚོན་ཆ་བེད་སྤྱོད་བྱས་ནས་དབང་སྒྱུར་ཐབས་བྱེད་བཞིན་ཡོད། འོན་ཀྱང་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རྒྱ་ནག་གི་དབང་བསྒྱུར་ལ་གདོང་ལེན་བྱེད་བཞིན་ཡོད་སྟབས། ཕུགས་ལ་བོད་མི་ཚོར་རྒྱལ་ཁ་ཐོབ་ངེས་ཡིན། རྒྱུ་མཚན་ནི། དྲག་པོའི་སྟོབས་ཤུགས་ལས་ཞི་བའི་སྟོབས་ཤུགས་ནུས་པ་ཆེ་བ་ཡོད་”ཅེས་བཀའ་ལན་བསྩལ་འདུག

༧གོང་ས་མཆོག་གིས་བཀའ་ལན་བསྩལ་དོན། “ངོས་རང་ནང་ཆོས་ཉམས་ལེན་བྱེད་མཁན་ནང་པའི་དགེ་སློང་ཞིག་ཡིན། དུས་རྟག་ཏུ་ཡིད་ལ་དེ་ལྟར་ངོས་འཛིན་བྱས་པ་མ་གཏོགས་ངོས་རང་༸རྒྱལ་བ་རིན་པོ་ཆེ་ཡིན་བསམ་པ་ནམ་ཡང་དྲན་མྱོང་མེད།  ངོས་ཀྱིས་སྐྱེ་བ་ཕྱི་མར་ཡང་བོད་མིའི་སྤྱི་ཚོགས་ལ་ཕན་ཐོགས་ཏན་ཏན་བྱེད་ཐུབ་རྒྱུ་རེད། དེར་ངོས་རང་བརྒྱ་ཆ་བརྒྱ་ནས་བརྒྱ་འདེང་ཚོད་ལ་ངོས་ཀྱིས་འདུན་པའང་དེ་ལྟར་གཏོང་བཞིན་ཡོད་”  ཅེས་བཀའ་ལན་བསྩལ་བ་དང་སྦྲགས། གསར་འགོད་པས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་དྲི་བར་བཀའ་ལན་རྩོལ་སྐབས། ཁོང་གིས་“ཕྱི་ལོ་ ༢༠༡༡ ལོ་ནས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་རྒྱུ་མཚམས་འཇོག་མཛད་པ་དང་། མང་གཙོའི་ལམ་སྲོལ་དེ་ནི་དེང་སྐབས་སྤྱི་ཚོགས་ནང་དགོས་མཁོ་ཆེ་ཤོས་ཀྱི་སྲིད་གཞུང་ལམ་ལུགས་ཤིག་ཡིན་སྟབས། བོད་མི་ཚོས་ཀྱང་དུས་ཀྱི་འགྱུར་བགྲོས་དང་བསྟུན་ནས་འགྲོ་བཞིན་ཡོད་པ་དང་།  མང་གཙོའི་རིང་ལུགས་ལག་བསྟར་བྱེད་སྟངས་ཐོག་ལ་བསམ་བློ་གཏོང་སྐབས་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ལས་ཀྱང་བོད་མི་བཙན་བྱོལ་བ་ཉུང་ཤས་ཡོད་པ་དེ་དག་ལྷག་པ་ཡོད། གང་ཡིན་བརྗོད་ན་ང་ཚོའི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་མང་གཙོའི་ལམ་ནས་འོས་འདེམས་བྱས་པ་ཞིག་རེད། འོན་ཀྱང་རྒྱ་ནག་ནང་ལ་མཚོན་ན་ཆབ་སྲིད་འགོ་ཁྲིད་དེ་གཅིག་བསྡུས་ལམ་ལུགས་ཐོག་ནས་ཡོང་བ་ཞིག་རེད་”ཅེས་བཀའ་ལན་བསྩལ།

ད་ལྟའི་བོད་མིའི་མི་རབས་གསར་པ་ཚོའི་སྙིང་སྟོབས་ནི་དེ་སྔ་ལས་ལྷག་པ་ཡོད་སྐོར་བཀའ་ལན་བསྩལ་བ་མ་ཟད།  བོད་རྒྱ་འབྲེལ་མོལ་ཐོག་བཀའ་ལན་བསྩལ་བ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ཐོག་ལོ་ངོ་བདུན་ཅུའི་རིང་བཟུང་བའི་སྲིད་བྱུས་དེ་རྒྱུ་མཚན་མི་ལྡན་ཞིང་།  དངོས་ཡོད་གནས་ཚུལ་དང་མ་འཚམ་པ་ཞིག་ཡིན་པའི་བསམ་ཚུལ་འཛིན་མཁན་དེང་སྐབས་རྒྱ་རིགས་དཔོན་པོ་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བཀའ་ལན་བསྩལ་འདུག  ལྷག་པར་གཞིས་བྱེས་བོད་མི་ཚོར་རང་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་ཟུར་གསལ་ཡོད་པ་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱ་རྒྱུའི་ཐོབ་ཐང་ཡོད་སྟབས། རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་བརྩད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་བཀའ་ལན་བསྩལ་འདུག

གསར་འགོད་པས་མཐར་མགོན་པོ་གང་ཉིད་བོད་དུ་ཆིབས་སྒྱུར་བསྐྱང་འཆར་ཡོད་མེད་ཀྱི་དྲི་བར། ད་ལྟའི་ཆར་བརྗོད་རྒྱུ་སྔ་དྲགས་ཀྱང་ད་ལྟ་རྒྱ་གར་རང་དབང་ལུང་པའི་ནང་དུ་སྐྱིད་ཐག་ཆོད་ཡོད་པ་དང་། མགོན་པོ་གང་ཉིད་ནི་རྒྱ་གར་གྱི་མགྲོན་པོ་དུས་ཡུན་རིང་ཤོས་བཞུགས་བཞག་མཛད་མཁན་ཞིག་ཡིན་སྐོར་ཞལ་ཤོབ་མཛད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༣༦༢ ཀློག་གྲངས།