ཧྥི་ལི་ཕིན་དུ་མེ་རི་འཕྱུར་ནས་མི་མང་སྟོང་ཕྲག་མང་པོ་གནས་སྤོ་བྱས་འདུག

 ཨེ་ཤི་ཡའི་ཤར་ཕྱོགས་སུ་ཆགས་པའི་རྒྱལ་ཁབ་ཧྥི་ལི་ཕིན་གྱི་གླིང་ཕྲན་ཞིག་ནས་མེ་རི་འཕྱུར་ཏེ། ཉེ་འཁོར་དུ་ཆགས་པའི་མི་མང་ཁྲི་སྟོང་ཕྲེག་མང་པོ་ས་གནས་གཞན་དུ་སྤོ་དགོས་འཁེལ་ཡོད་འདུག 

ཟླ་འདིའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཧྥི་ལི་ཕིན་གྱི་གླིང་ཕྲན་ལོ་ཛོན་(Luzon) ཞེས་པ་ནས་མེ་རི་འཕྱུར་འགོ་ཚུགས་ནས་ཤུགས་ཆེར་འགད་པའི་ཉེན་ཁ་ཡོད་སྟབས། ཉེ་འཁོར་དུ་འཚོ་སྡོད་བྱེད་པའི་མི་མང་ཁྲི་སྟོང་མང་པོ་གནས་དེ་ནས་གཞན་དུ་སྤོ་དགོས་འཁེལ་ཡོད་འདུག 

དེ་ཡང་ཧྥི་ལི་ཕིན་གྱི་རྒྱལ་ས་མིན་ན་ལ་(Manila) ནས་ལྷོ་ཕྱོགས་སུ་སོང་ན། སྤྱི་ལེ་༦༠ ཡི་མཚམས་སུ་ཆགས་པའི་ལོ་ཛོན་གླིང་ཕྲན་གྱི་སྟེང་དུ་ཡོད་པའི་ཐལ་མེ་རི་(Taal Volcano) ནི། ཧྥི་ལི་ཕིན་རྒྱལ་ཁབ་ཀྱི་མེ་རི་ཆུང་ཤོས་དང་འཕྱུར་བའི་ཉེན་ཁ་ཆེ་ཤོས་དེ་ཡིན་འདུག་ཅིང་། མེ་རི་དེ་ཉིན་གཉིས་ཀྱི་གོང་སྟེ་རེས་གཟའ་ཉི་མའི་ཉིན་འཕྱུར་འགོ་ཚུགས་ནས་ཐལ་རྡུལ་དང་དུད་སྤྲིན་བར་སྣང་གི་སྤྱི་ལེ་༡༤ མཚམས་སུ་ཁྱབ་པ་མ་ཟད། ཤུགས་ཆེར་འགད་རྒྱུའི་ཉེན་ཁ་ཆེན་པོ་ཡོད་འདུག 

མེ་རི་དེ་རེས་གཟའ་ཉི་མའི་ཉིན་འཕྱུར་འགོ་ཚུགས་པ་ནས་བཟུང་། ཧྥི་ལིད་ཕིན་རྒྱལ་ཁབ་ཀྱི་མེ་རི་དང་ས་ཡོམ་རྟོག་ཞིབ་ཁང་ནས་མེ་རི་དེའི་ཁྱབ་ཁོངས་ཀྱི་ས་ཁུལ་དུ་ས་ཡོམ་༣༣༥ བརྒྱབས་པ་ཤེས་རྟོགས་བྱུང་འདུག་པ་མ་ཟད། འབྱུང་འགྱུར་གྱི་ཉིན་ཤས་ནང་དེ་ལས་མང་བའི་ས་ཡོམ་དང་འཕྱུར་ལུད་འབྱུང་རྒྱུ་ཡིན་ཚུལ་བཤད་ཡོད་འདུག 

སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་པའི་བརྙན་ཐུང་དང་འདྲ་པར་ནང་། མེ་རེ་ལས་མཆེད་པའི་དུ་བ་ནག་པོ་འཇིགས་སུ་རུང་བ་དེ་བར་སྣང་དུ་ཁྱབ་ནས་ཉི་འོད་ཀྱང་བསྒྲིབས་པ་མ་ཟད། ཐག་ཉེའི་སྲང་ལམ་དང་། རླངས་འཁོར། ཁང་པ་སོགས་ཀྱི་ཐོག་ཏུ་ཐལ་རྡུལ་ཁ་བ་ལྟར་ཆགས་ནས་ཡོངས་སུ་བཏུམས་འདུག ཐལ་རྡུལ་ཁ་བ་ལས་ལྗིད་ཚད་ཆེ་བས། གལ་སྲིད་དེ་ལྟར་མུ་མཐུད་རིམ་གྱིས་བརྩེགས་པ་དང་། ལྷག་པར་དུ་དེ་དང་ཐོག་ཆར་པ་འདྲེས་པ་ཡིན་ན། ཁང་པའི་ཐོག་ཀྱང་རྡིབ་པའི་ཉེན་ཁ་ཡོད་འདུག 

མེ་རི་ཞིབ་འཇུག་བྱེད་མཁན་གྱི་ཚན་རིག་པ་ཨེ་རིག-ཁི་ལེ་མི་ཐི་(Erik Klemetti)ཡིས་མེ་རི་དེ་དོན་དངོས་ཐོག་དེ་འདྲའི་ཆེན་པོ་ཞིག་མིན་མོད། འོན་ཀྱང་མེ་རི་དེའི་ཉེ་འཁོར་དུ་མི་མང་ཤིན་ཏུ་མང་པོ་ཞིག་གནས་ཡོད་པར་བརྟེན་ནས་དེ་ནི་འཛམ་གླིང་གི་ཉེན་ཁ་ཆེ་ཤོས་ཀྱི་མེ་རིའི་གྲས་སུ་བརྩི་སྲོལ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་འདུག 

ཧྥི་ལིད་ཕིན་རྒྱལ་ཁབ་ཀྱི་མེ་རི་དང་ས་ཡོམ་རྟོག་ཞིབ་ཁང་ནས་མེ་རེའི་ཉེ་འཁོར་གྱི་སྤྱི་ལེ་༡༧ ནང་ཡོད་པའི་མི་མང་གཅིག་ཀྱང་མ་ལུས་པ་གནས་སྤོ་བྱེད་དགོས་པའི་ཉེན་བརྡ་བཏང་བའི་ཁར། ཁ་སང་རེས་གཟའ་མིག་དམར་ཉིན་སྲིད་གཞུང་གིས་འཕྲལ་སེལ་ཆེད་དུ་བཟོས་པའི་སྡོད་ཁང་དུ་མི་མང་སྟོང་ཕྲག་མང་པོ་འབྱོར་ཡོད་འདུག་ཀྱང་། མི་མང་ཇི་ཙམ་ཞིག་གནས་སྤོ་བྱས་པའི་ཁ་གྲངས་ཏག་ཏག་ཅིག་ཤེས་ཐབས་བྲལ་ཡོད་འདུག་སྟེ། རྒྱུ་མཚན་ནི་མི་མང་མི་ཉུང་བ་ས་ཁུལ་གཞན་དུ་ཡོད་པའི་སྤེན་མཆེད་ཚོའི་ནང་དུ་ཕྱིན་ཡོད་འདུག 

དེ་ལྟར་གནས་སྤོ་བྱས་པའི་མི་མང་གི་ཁྲོད་ནས་འགའ་ཤས་ཤིག་ཕྱིར་སྒོ་ཕྱུག་དང་ཞིང་ཁ་ལྟ་སྐྱོང་བྱེད་དུ་ལོག་བཞིན་པའི་གནས་ཚུལ་ཡོད་སྟབས། འབྲེལ་ཡོད་ནས་བསྐྱར་དུ་ཉེན་ཁའི་གནས་སུ་མི་ལོག་པའི་འབོད་སྐུལ་དང་ཉེན་བརྡ་ཚ་ནན་བཏང་ཡོད་འདུག

གཞན་ཡང་མེ་རི་འཕྱུར་བའི་ཐལ་རྡུལ་གྱིས་ཨ་ཤོམ་དང་འཚིག་ཇ་ལྟ་བུའི་ཞིང་ཁ་རྣམས་ཀྱང་འཕྲོ་བརླག་བཏང་བའི་ཐོག ཐ་ན་ས་ཁུལ་དེའི་ཐུན་མིན་གྱི་ཉ་རིགས་ལའང་ཉེན་ཁ་བཟོ་བཞིན་ཡོད་འདུག་ཀྱང་། མེ་རེ་དེ་འཕྱུར་མཚམས་ག་དུས་འཇོག་རྒྱུ་ཡིན་པ་དང་། མི་རྣམས་ཉེན་ཁ་མེད་པར་ཕྱིར་ནམ་དུས་ལོག་ཐུབ་རྒྱུ་ཡིན་པ་སོགས་ནི་ད་ལྟ་བརྗོད་ཚོད་མི་ཐིག་པ་ཞིག་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༦༩༩ ཀློག་གྲངས།