ཉམས་ཞིབ་པ་ཚོས་“ཨ་རྒྱའི་ཚོང་འབྲེལ་གྲོས་མཐུན་གྱི་རིམ་པ་དང་པོ་”ལ་དོགས་འདྲི་བྱེད་ཀྱི་ཡོད་འདུག

ཨ་རྒྱའི་ཚོང་འབྲེལ་གྲོས་མཐུན་རིམ་པ་དང་པོའི་ནང་རྒྱ་ནག་གིས་ཨ་རིའི་ཐོན་སྐྱེད་མང་ཙམ་ཉོ་བའི་མོས་མཐུན་བྱས་ཡོད་ཀྱང་། གྲོས་མཐུན་དེའི་ནང་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་རྩོད་གཞིར་གྱུར་བའི་གནད་དོན་གཞན་རྣམས་ཚུད་མི་འདུག

དེ་ཡང་ཕྱི་ཟླ་༡ ཚེས་༡༥ ཉིན་ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱིས་དངོས་སུ་ཚོང་འབྲེལ་གྲོས་མཐུན་རིམ་པ་དང་པོར་མཚན་རྟགས་བཀོད་པ་དེས། འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་གཉིས་ཀྱི་བར་དུ་འཁྲུགས་པའི་ཟླ་ངོ་༡༨ ཀྱི་ཚོང་དམག་མཚམས་འཇོག་པར་ཕན་ཐོགས་བྱུང་ཡོད་མོད། འོན་ཀྱང་དཔལ་འབྱོར་དང་བཟོ་ཟས་དཔྱད་ཞིབ་པ་ཚོས་རྒྱལ་ཁབ་དེ་གཉིས་ཀྱི་རྩོད་གཞིའི་གནད་དོན་མང་པོ་རང་སོར་ལྷག་ཡོད་སྐོར་བརྗོད་ཀྱི་ཡོད་འདུག 

ཁོ་ཚོས་ཨ་རྒྱའི་ཚོང་འབྲེལ་བཟང་དུ་འགྲོ་བཞིན་ཡོད་མེད་དོགས་པ་བྱེད་ཀྱི་ཡོད་འདུག་སྟེ། རྒྱུ་མཚན་ནི་གྲོས་མཐུན་དེའི་ནང་གོ་ལའི་དཔལ་འབྱོར་དལ་དུ་གཏོང་བྱེད་ཀྱི་[ཨ་རིའི]སྒོ་ཁྲལ་ཡོངས་རྫོགས་མེད་པ་བཟོ་ཐུབ་མེད་པའི་ཐོག རྒྱ་ནག་གིས་དངོས་སུ་ལག་བསྟར་ཐུབ་དཀའ་བའི་ཚོང་ཟོག་ཉོ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། རྒྱ་ནག་གི་གཞུང་འབྲེལ་བཟོ་ཚོང་ཁང་རྣམས་ཀྱི་རོགས་དངུལ་དང་འབྲེལ་བའི་གནད་དོན་ཁག་ཐག་གཅོད་ཐུབ་མེད་འདུག

ཨ་རིའི་སྲིད་འཛིན་ཊོམ་གྱིས་དཀའ་ངལ་གཞན་མང་པོ་ཞིག་སེལ་བར་ད་དུང་མུ་མཐུད་རྒྱ་ནག་དང་ལྷན་དུ་གྲོས་མོལ་བྱེད་དགོས་པའི་ཁས་ལེན་བྱས་ཡོད་འདུག་ཀྱང་། ད་ཐེངས་ཀྱི་གྲོས་མཐུན་དེ་ནི་ཨ་རིའི་དཔལ་འབྱོར་ལ་རྒྱལ་ཁ་ཐོབ་པ་ཞིག་དང་། ཁོང་གི་སྲིད་གཞུང་གི་ཚོང་འབྲེལ་སྲིད་བྱུས་ལ་རྒྱལ་ཁ་ཐོབ་པ་ཞིག་ཡིན་སྐོར་གྱི་བསྟོད་བསྔགས་ཐེན་ཡོད་འདུག 

ཨ་རིའི་ཕོ་བྲང་དཀར་པོའི་ནང་ཨ་རྒྱའི་འགོ་ཁྲིད་མཉམ་འཛོམས་ཐོག་གྲོས་མཐུན་ལ་མཚན་རྟགས་འགོད་པའི་མཛད་སྒོའི་ཐོག ཊོམ་གྱིས་“ང་ཚོས་ལྷན་དུ་འདས་པའི་ནོར་འཁྲུལ་ལ་ཡོ་སྲང་བྱེད་པ་དང་སྦྲགས། ཨ་རིའི་ཁྱིམ་ཚང་དང་། ལས་མི། ཞིང་པ་བཅས་ལ་བདེ་འཇགས་དང་དཔལ་འབྱོར་གྱི་དྲང་བདེན་ལྡན་པའི་མ་འོངས་པ་ཞིག་སྐྲུན་བཞིན་ཡོད་”ཅེས་བརྗོད་ཡོད་འདུག 

དེ་བཞིན་རྒྱ་ནག་གི་སྐུ་ཚབ་གཙོ་བོ་ལོའུ་ཧེ་(Liu He)ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བསྐུར་བའི་ཡི་གེ་ཞིག་བཀླགས་པའི་ནང་། ཞི་ཅིན་ཕིང་གིས་གྲོས་མཐུན་དེ་ནི་རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་ཕན་ཚུན་གྱི་འགལ་བ་སེལ་ཐུབ་པའི་མཚོན་རྟགས་ཤིག་ཡིན་པའི་བསྟོད་བསྔགས་དང་། དེ་ནི་ཕྱོགས་གཉིས་ཀར་ཕན་འབྲས་ལྡན་པ་ཞིག་ཡིན་སྐོར་བཤད་ཡོད་འདུག

དེ་ལྟར་ཡིན་ན་ཡང་། ཉམས་ཞིབ་པ་ཚོས་རྒྱ་ནག་གིས་གྲོས་མཐུན་ནང་ཁས་ལེན་བྱས་པ་ལྟར་ལོ་གཉིས་ནང་ཚུན་དུ་ཨ་སྒོར་ཐེར་འབུམ་༢༠༠ ཉེ་བའི་ཨ་རིའི་ཞིང་ལས་ཐོན་སྐྱེད་གཙོ་བོར་གྱུར་བའི་ཚོང་ཟོག་དང་ཞབས་ཞུའི་རྣམ་གྲངས་འབོར་ཆེན་དེ་ཉོ་ཐུབ་མིན་དོགས་པ་བྱེད་ཀྱི་ཡོད་འདུག་སྟེ། དཔལ་འབྱོར་ཉམས་ཞིབ་པ་ཌིན་ཝན་(Dan Wang) གྱིས་རྒྱལ་སྤྱིའི་གསར་འགྱུར་ཆེ་བ་ཞིག་ལ་“ངས་བལྟས་ན། དེ་ནི་རྒྱ་ནག་གི་ཕྱོགས་ནས་ཁས་ལེན་ཤིན་ཏུ་ཆེན་པོ་ཞིག་རེད་”ཅེས་བརྗོད་པའི་ཐོག གྲོས་མཐུན་དེ་ལ་བརྟེན་ནས་རྒྱ་ནག་གི་ཞིང་པ་ཚོར་དཀའ་སྡུག་ཆེན་པོ་འཕྲད་སྲིད་ཚུལ་ཀྱང་བཤད་ཡོད་འདུག 

ད་ཐེངས་ཨ་རྒྱའི་བར་དུ་བཞག་པའི་ཚོང་འབྲེལ་གྲོས་མཐུན་དེའི་ནང་། རྒྱ་ནག་གིས་ལོ་གཉིས་ནང་ཚུན་ལ་ཨ་སྒོར་ཐེར་འབུམ་༢༠༠ རི་བའི་ཐོན་སྐྱེད་དང་ཚོང་ཟོག་ཉོ་བའི་ཁས་ལེན་བྱས་པའི་ཐོག ཨ་རིའི་བཟོ་ཚོང་ཁང་རྣམས་ཀྱི་ལག་རྩལ་དང་མན་ངག་གཡོ་འཁྱེར་བྱེད་པའི་བྱ་སྤྱོད་མཚམས་འཇོག་པའི་མོས་མཐུན་དང་། དེའི་ལན་དུ་ཨ་རིས་ཨ་སྒོར་ཐེར་འབུམ་༡༢༠ ཉེ་བའི་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༥ བཞག་ཡོད་པ་ལས་བརྒྱ་ཆ་༧.༥ ཉུང་དུ་གཏོང་རྒྱུ་སོགས་འཁོད་ཡོད་འདུག་ཀྱང་། ཕན་ཚུན་གཉིས་ཀྱི་ཚོང་ཟོག་ཐོག་ཏུ་འཇོག་རེས་བྱས་པའི་སྒོ་ཁྲལ་ཕལ་ཆེ་བ་ད་དུང་ཡང་རང་སོར་གནས་རྒྱུ་ཡིན་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༧༤༩ ཀློག་གྲངས།