བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་གི་གྲོས་ཆོད།

གྲོས་ཆོད་དེའི་ནང་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་བོད་མིའི་ཁྲིམས་མཐུན་གྱི་སྐུ་ཚབ་ཡིན་པར་ངོས་འཛིན་ཡོད་པ་བསྐྱར་བརྗོད་བྱེད་རྒྱུ་དང་། བོད་ནང་དཀའ་སྡུག་མྱངས་བཞིན་པ་དེར་གདུང་སེམས་མཉམ་བསྐྱེད་དང་། ད་དུང་བོད་ནང་གི་བོད་མི་ཚོ་སེམས་ཤུགས་མ་ཆག་པར་མུ་མཐུད་གནས་པ་དེར་བསྔགས་བརྗོད་ཀྱི་གྲོས་ཆོད་བཞག་ཡོད་པ་རེད། ཚོགས་འདུ་དབུ་འབྱེད་ཐོག་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ལ་ལི་ཀི་ཤིར་ན་ཨ་ཌི་ཝ་མཆོག་གིས་རྒྱ་དཀར་ནག་བར་གྱི་འབྲེལ་ལམ་བཟང་ངན་ག་འདྲ་ཞིག་ཡིན་ནའང་། བོད་དོན་ལ་རྒྱབ་སྐྱོར་ཡོད་པ་རེད་ཅེས་གསུངས་པ་བཞིན། ད་སྔ་བར་དུ་བོད་ལ་རྒྱ་གར་གཞུང་དང་མི་མང་གིས་བོད་ཀྱི་ངོ་བོ་སྲུང་སྐྱོབ་ཆེད་མཐུན་རྐྱེན་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་གྲོས་ཆོད་གཅིག་བཞག་ཡོད་པ་རེད། བལ་ཡུལ་དུ་བར་ལམ་ཞིག་ནས་བོད་མི་ཚོར་དཀའ་ངལ་བྱུང་བ་དེར་བློ་འཚབ་ཡོད་སྐོར་དང་། བལ་བོད་བར་ལོ་རྒྱུས་ཀྱི་ཐོག་ནས་འབྲེལ་བ་ཆེན་པོ་ཡོད་པ་བཞིན་བོད་མི་ཚོར་དེ་སྔོན་མཐུན་རྐྱེན་གནང་བར་ཐུགས་རྗེ་ཆེ་ཞེས་གྲོས་ཆོད་བཞག་ཡོད་པ་རེད། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་དང་། ཆབ་སྲིད། ཁོར་ཡུག་སྲུང་སྐྱོབ། རྒྱ་རིགས་ཚོར་འབྲེལ་བ་བྱེད་ཕྱོགས་བཅས་ཀྱི་ཆེད་དུ་རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་ཕྱོགས་སོགས་ལ་གྲོས་ཆོད་རིམ་པ་བཞག་ཡོད་པ་རེད།

ཚོགས་ཆེན་དེ་ཟླ་འདིའི་ཚེས་༥ ནས་ཉིན་གསུམ་རིང་འཚོགས་ཡོད་པ་དང་། དེའི་ཐོག་རྒྱལ་སྤྱིའི་ནང་ནས་བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་དང་། མཁས་དབང་སོགས་རྒྱལ་ཁབ་༥༧ ཙམ་གྱི་ཚོགས་མི་བསྡོམས་༢༥༨ ཙམ་ཚོགས་ཞུགས་བྱས་ཡོད་པ་དང་། དེའི་ནང་ནས་ཚོགས་མི་༢༠ ཙམ་རྒྱ་རིགས་ཡིན་པ་རེད།
ཟླ་འདིའི་ཚེས་༥ ནས་ཉིན་གསུམ་རིང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་དྲུག་པ་དེ། རྒྱ་གར་གྱི་མངའ་སྡེ་ཧ་རི་ཡ་ནའི་ནང་འཚོགས་ཡོད་པ་དང། སྐབས་དེར་རྒྱ་གར་གྱི་དཔོན་རིགས་ཨ་ཌེ་ཝ་ནི་དང་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་སོགས་ཕེབས་ཡོད་པ་རེད།

༧གོང་ས་མཆོག་གིས་ཚོགས་འདུ་དབུ་འབྱེད་ཐོག་བཀའ་སློབ་བསྩལ་དོན།   ངོས་རང་དེ་རིང་འདིར་ཡོང་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང། དེ་རིང་འདིར་གསུང་བཤད་གནང་མཁན་ཚོས། བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། དུས་རྒྱུན་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་འདུ་འཛོམས་སྐབས་ངོས་ཀྱིས་འདི་ལྟར་བརྗོད་ཀྱི་ཡོད། བོད་ནང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ནི་བོད་པའི་དཀའ་ངལ་གྱི་ཆ་ཤས་ཤིག་ཡིན་མོད། ད་དུང་བོད་པའི་དཀའ་ངལ་ལ་རྣམ་པ་གཞན་ཞིག་ཡོད་པ་ནི་བོད་ཀྱི་ཁོར་ཡུག་དེ་ཡིན། སྣོད་བཅུད་དཔྱད་ཞིབ་པ་མཁས་དབང་དང་རྒྱ་ནག་གི་སྣོད་བཅུད་དཔྱད་ཞིབ་པ་འགའ་ཤས་ཀྱིས། མཐོ་སྒང་བོད་དེ་འཛམ་གླིང་གི་སྣེ་གསུམ་པ་ཡིན་ཞེས་འགྲེལ་བརྗོད་བྱེད་བཞིན་ཡོད། གང་ཡིན་ཞེ་ན། སའི་གོ་ལའི་ཚ་དྲོད་དེས་མཐོ་སྒང་བོད་ལ་ཇི་ལྟར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་བཞིན། ས་གཞིའི་ལྷོ་བྱང་གི་སྣེ་མོར་ཡང་དེ་ལྟ་བུའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་བོད་དེ་སའི་གོ་ལའི་ཚ་དྲོད་དང་འབྲེལ་བ་ཆེན་པོ་ཆགས་ཡོད་ཅེས་དང།

ཡང་ཁོང་གིས། དེ་བཞིན་ཆུ་ཆེན་ཁག་ལ་བརྟེན་ནས་མི་རིགས་དུང་ཕྱུར་མང་པོ་འཚོ་གནས་བྱེད་བཞིན་ཡོད་པ་དང། དེ་དག་གི་འབྱུང་ཁུངས་བོད་ཀྱི་འཁྱགས་རོམ་དང། པཱ་ཀི་སི་ཐན། རྒྱ་ནག་བཅས་ཡིན་ཞིང། དེ་བཞིན་རྒྱ་གར་ནང་གི་རྟ་མཆོག་ཁ་འབབ་དང་ཆུ་ཆེན་ཁག་གི་འབྱུང་ཁུངས་བོད་ཡིན། ཆུ་ཆེན་དེ་ཚོའི་འབྱུང་ཁུངས་རྒྱལ་ཁབ་གཞན་ནས་ཡིན་ནའང་། དེ་དག་རྒྱ་གར་གྱི་མི་མང་ས༌ཡ་མང་པོས་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྟེན། ཁྱེད་རང་ཚོར་བོད་ཀྱི་སྣོད་བཅུད་ཐོག་སེམས་ཁུར་ཡོད་སྐོར་གསལ་སྟོན་བྱེད་རྒྱུའི་ཐོབ་ཐང་ཡོད། གནད་དོན་འདི་རིགས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་ཅེས་གསུངས་ཡོད་པ་རེད།

ཁོང་གིས། སྟབས་ལེགས་པ་ཞིག་ལ་ཀྲུའུ་རུང་ཆིང་ནས་བཟུང་། གཞི་ནས་ཁོང་ཚོས་ཤིང་ནགས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་དང།  དེ་སྔོན་ཁོང་ཚོར་སྣོད་བཅུད་ཀྱི་ཐོག་གོ་རྟོགས་གང་ཡང་མེད། ཀྲུའུ་རུང་ཆིང་གི་དུས་སུ་ཤིང་ནགས་གཅོད་འབྲེག་མི་ཆོག་པའི་ལམ་སྟོན་བྱས་ཡོད་ཀྱང་། ལྐོག་ཟ་རུལ་སུངས་ཀྱི་རྐྱེན་པས་ལམ་སྟོན་དེ་དག་ལག་བསྟར་བྱ་ཐུབ་མེད། ཉེ་ཆར་བོད་ཀྱི་ཨ་མདོ་མགོ་ལོག་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཕོག་སྐབས། རྒྱ་མི་ཁ་ཤས་ཀྱིས་ཆུ་ལོག་དེ་རང་བྱུང་གི་རྐྱེན་ངན་ཞིག་མིན་པར། མིས་བཟོས་པའི་རྐྱེན་ངན་ཞིག་ཡིན་སྐོར་དཔྱད་གཏམ་བྲིས་ཡོད། དེ་སྔ་ས་གནས་དེར་ཤིང་ནགས་མཐུག་པོ་ཡོད་ཀྱང་། ལོ་བཅུ་ཕྲག་ཁ་ཤས་ནང་ཤིང་ནགས་དེ་དག་ཤུལ་མེད་བཟོས་ཟིན་པར་བརྟེན། རྒྱ་ནག་གི་མཁས་དབང་འགས་རྐྱེན་ངན་དེ་མིས་བཟོས་པ་ཞིག་རེད་ཅེས་བྲིས་ཡོད། བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་བྱེད་རྒྱུ་དེ་ཕུགས་རྒྱང་རིང་པོ་བསམ་བློ་བཏང་ན། རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ས་ཡ་མང་པོར་གལ་ཆེན་པོ་ཆགས་ཡོད་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།

Share this:
༢༢ ཀློག་གྲངས།