བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཟེར་བའི་ཁྲིམས་གཞི་གསར་པ།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བས་བདུན་ཕྲག་སྔོན་མར། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཟེར་བའི་ཁྲིམས་གཞི་བསྒྲགས་པ་བརྒྱུད་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ལས་གཞི་རྒྱ་སྐྱེད་བཏང་སྟེ། ཁྲིམས་དེ་ཕྱི་ལོ་༢༠༢༠ ཟླ་༥ ཚེས་༡ ནས་འགོ་འཛུགས་བྱ་གཏན་འཁེལ་བ་དང་།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པས་བརྗོད་པ་ལྟར་ན། ཤར་ཏུར་ཀི་སི་ཐན་ནང་ལས་འགུལ་དེར་ཁག་དཀྲི་བྱས་ནས་ལོ་བཞིའི་གོང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དམ་དྲག་ཚབས་ཆེ་ཇི་ཙམ་བྱས་པ་གསལ་རྟོགས་ཐུབ་སྐོར་བརྗོད་འདུག  རྒྱ་ནག་གཞུང་གིས་ལོ་ངོ་དྲུག་ཅུ་ལྷག་རིང་དབུས་དང་ས་གནས་གཞུང་གི་རིམ་པའི་ཐོག་ནས་བོད་སར་དབང་སྒྱུར་སྲ་བརྟན་ཡོང་ཐབས་ལ་དམིགས་ནས་ལས་འགུལ་ཅི་རིགས་བསྟུད་མར་སྤེལ་བཞིན་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཟེར་བའི་ཁྲིམས་གཞི་གསར་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་ལ། དེ་ཡང་ཁོང་གིས་“ཁྲིམས་གསར་པ་དེ་ནི་མི་རིགས་གཙང་སེལ་གཏོང་རྒྱུའི་སྲིད་བྱུས་ཤིག་ཡིན་པ་དང་། ཐེངས་འདིར་བོད་མི་རིགས་རྣམས་གཙང་སེལ་བཏང་ནས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་ལས་འགུལ་རྒྱ་སྐྱེད་བཏང་བ་ཞིག་ཡིན་སྟབས། རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡོངས་སུ་འགལ་བ་ཞིག་རེད་”ཅེས་གསུངས་འདུག “རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་རིང་དྲག་པོའི་སྟོབས་ཤུགས་ཀྱིས་བསྒྲུབ་མ་ཐུབ་པའི་ལས་དོན་དེ་ད་ཆ་བོད་མིའི་ཐོག་ཁྲིམས་བཙན་འགེབས་བྱས་ནས་བསྒྲུབ་ཐབས་བྱས་པ་ཞིག་ཡིན་པ་དང་། ཁྲིམས་གསར་པ་དེའི་འོག་ནས་བོད་མི་རིགས་གཙང་སེལ་བཟོས་ནས་མཐོ་སྒང་བོད་ཅེས་པ་དེ་མཐའ་གཅིག་ཏུ་རྒྱ་ཡུལ་དུ་བསྒྱུར་ཐབས་བྱེད་བཞིན་འདུག རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་རྒྱ་ཡུལ་དུ་བསྒྱུར་དགོས་སྟབས་ལས་འགུལ་དེར་འགོག་རྐྱེན་ཆེ་ཤོས་བཟོ་མཁན་ནི་བོད་མིའི་ཐུན་མིན་སྐད་ཡིག  ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་ཡིན་སྟབས།  དུས་ཇི་སྲིད་ཀྱི་བར་དུ་བོད་མིའི་ཐུན་མིན་ངོ་བོ་དེ་དག་གསོན་པོར་གནས་པ་དེ་སྲིད་དུ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུར་འགོག་རྐྱེན་བཟོ་ངེས་པ་ཡིན། དེར་བརྟེན་སྲིད་བྱུས་དེས་བོད་མི་རིགས་ཀྱི་ཐུན་མིན་ངོ་བོ་དང་ཁྱད་ཆོས་དེ་དག་རྩ་མེད་བཏང་བ་བརྒྱུད་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་བྱེད་བཞིན་འདུག་”ཅེས་གསུངས་འདུག

མུ་མཐུད་དྲུང་ཆེས་གསུང་དོན། “ཁྲིམས་དེ་བརྒྱུད་བོད་ནང་རྒྱ་མི་ཧན་མི་རིགས་ཕོན་ཆེ་གནས་སྤོ་བྱས་ནས་བོད་མི་རྣམས་སྔར་ནས་གྲངས་ཉུང་མི་རིགས་ཡིན་བཞིན་པའི་ཁར་ཆེས་གྲངས་ཉུང་མི་རིགས་སུ་བསྒྱུར་ནས་མཐར་བོད་མི་རིགས་གཙང་སེལ་གཏོང་ཐབས་བྱེད་བཞིན་ཡོད། དེར་བརྟེན་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཟེར་བའི་ཁྲིམས་དེ་ནི་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བརྗོད་ན་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་རང་གི་ཐུན་མིན་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲད་དགོས་པ་དེར་མཐའ་གཅིག་ཏུ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཡིན་པ་མ་ཟད། ལྷག་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཡོངས་སུ་དངོས་འགལ་ཆགས་ཡོད་པས་”ཁྲིམས་གསར་པ་དེ་ལ་བརྟེན་ནས་གཞིས་བཞུགས་བོད་མི་ཚོ་སླར་ཡང་སྡུག་བསྔལ་ནང་ལྷུང་རྒྱུ་ཡིན་སྐོར་གསུངས་འདུག

སྤྱིར་བཏང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས ཟེར་བའི་ཁྲིམས་དེའི་ཡིག་ཆ་ཆ་ཚང་འདོན་སྤེལ་བྱས་མེད་ཀྱང་ས་གནས་གཞུང་དང་སྒྲིག་འཛུགས་ལ་༼ ཆོག་མི་ཆོག༽ལམ་སྟོན་མང་པོ་ཞིག་འཁོད་ཡོད་འདུག་པ་དང་།  དེ་ཡང་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ཚན་པ་གོ་ལའི་དུས་བབ་ཟེར་བའི་ནང་།   ཁྲིམས་དེས་བོད་མི་ཚོས་ཁ་བྲལ་ལ་ངོ་རྒོལ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པའི་ལམ་སྟོན་བྱེད་བཞིན་ཡོད་ཅེས་བཀོད། གཞན་ཡང་གསར་འགྱུར་དེ་ལྟར་ན། ཁྲིམས་གསར་པ་དེའི་ནང་དབུས་སའི་སྲིད་གཞུང་དང་། ཚོགས་སྡེ། ཚོང་གི་སྒྲིག་འཛུགས། གྲོང་གསེབ། སློབ་གྲྭ། དམག་དོན་སྒྲིག་འཛུགས་སོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་སྤེལ་དགོས་པ་བཤད།

རང་དབང་ལུང་པའི་ནང་གི་རྒྱལ་ཁབ་དང་སྲིད་གཞུང་ཁག་གི་དབུ་ཁྲིད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པ་བཅས་ཀྱིས་ཁྲིམས་དེ་ནི་བོད་མི་རིགས་རིག་གཞུང་དང་བཅས་པར་རྩ་མེད་དུ་གཏང་ཐབས་བྱེད་པའི་སྲིད་བྱུས་ཤིག་ཡིན་པའི་སྐྱོན་བརྗོད་གནང་བ་དང་། རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷིའོ་(Marco Rubio) ཡིས་ཨ་རིའི་སི་ཨེན་ཨེན་གསར་འགོད་པར་གསུང་དོན།  བོད་རང་སྐྱོང་ལྗོངས་ཟེར་བའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཟེར་བ་གཏན་འབེབས་བྱས་པ་དེར་ཧང་སང་དགོས་པ་གང་ཡང་མེད།  རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་ཐབས་བྱེད་བཞིན་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་མཐའ་གཅིག་ཏུ་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཡིན་སྟབས།  ཨ་རིས་གཙོས་རང་དབང་ལྡན་པའི་རྒྱལ་ཁབ་ཚོས་བྱེད་བབ་དེར་སྐྱོན་བརྗོད་ནན་པོ་གནང་དགོས་ཞེས་གསུངས།

གཞན་ཡང་རྒྱ་ནག་གི་གནད་དོན་དཔྱད་ཞིབ་པ་རྒྱ་གར་གྱི་གསར་འགོད་པ་རྒན་གྲས་སྐུ་ཞབས་ཝི་ཛ་ཡ་ཀརནྟི་(Vijay Kranti) ཡིས་རྒྱ་གར་གསར་ལས་ཁང་(India TV News) ཞེས་པའི་གསར་འགོད་པར་གསུང་དོན།  “རྒྱ་ནག་གཞུང་གིས་ཁྲིམས་གསར་པ་དེ་འདྲ་ཞིག་བཟོ་དགོས་པ་དེ་ནི། ད་ལྟའི་ཆར་པེ་ཅིང་གཞུང་ལ་བོད་ནང་མུ་མཐུད་དབང་སྒྱུར་བྱེད་ཐུབ་པའི་འདེང་སྤོབས་མེད་པ་གསལ་པོར་མཚོན་ཐུབ།  བོད་མིར་དབང་སྒྱུར་བྱས་ཀྱང་བོད་མིའི་བློ་ཁ་ནམ་ཡང་འགུག་ཐུབ་མེད། དེར་བརྟེན་བོད་དེ་བཞིན་རྒྱ་ཡུལ་དུ་བསྒྱུར་ཐབས་ཆེད་ཁྲིམས་དེ་བཟོས་པ་རེད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྩད་གཅོད་ཞུ་རྒྱུའི་ལམ་སྲོལ་ཐོག་བདག་དབང་ཐོབ་ཐབས་བྱས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་བདག་བཟུང་བྱ་རྒྱུའི་ཐད་སེམས་འཚབ་ཆེན་པོ་བྱེད་པའི་དུས་སྐབས་ཤིག་ཡིན།  དེ་འདྲའི་དུས་སྐབས་སུ་ཁྲིམས་གསར་པ་དེ་འདྲ་གཏན་འབེབས་བྱས་པ་ནི་སླར་ཡང་རྒྱལ་སྤྱིའི་སྡིངས་ཆའི་སྟེང་།  བོད་མི་རྣམས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པའི་རྣམ་འགྱུར་སྟོན་ཆེད་འཁྲབ་སྟོན་གསར་པ་ཞིག་ཅི་ལ་མིན།  ཁྲིམས་དེ་གཏན་འབེབས་བྱས་པའི་བརྒྱུད་རིམ་དེའང་དམིགས་བསལ་བ་ཞིག་རེད། དེ་འདྲའི་ཁྲིམས་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུའི་ལོ་རྒྱུས་ཁྲོད་ཆེས་ཐོག་མ་ཆགས་ཡོད།  དེར་བརྟེན་རྒྱ་ནག་གི་དབང་སྒྱུར་བྱས་པའི་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གཞན་གྱི་ནང་དུའང་ཁྲིམས་དེ་ལྟ་བུ་ཞིག་བཙན་འགེབས་བྱས་པ་དེར་ཡ་མཚན་སྐྱེ་དགོས་པ་གང་ཡང་མ་མཐོང་”ཞེས་གསུངས།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༥༧༧ ཀློག་གྲངས།