འཛམ་གླིང་སྟེང་གི་མི་ཐུང་ཤོས་དེ་ལོ་༢༧ ཐོག་གྲོངས་ཡོད་འདུག

གྷན་ནི་སི་འཛམ་གླིང་ཟིན་ཐོའི་(Guinness World Records)ནང་ཚུད་པའི་འཛམ་གླིང་གི་སྐྱེས་པ་ཐུང་ཤོས་དེ་ལོ་༢༧ ཐོག་བལ་ཡུལ་གྱི་སྨན་ཁང་ཞིག་ཏུ་གྲོངས་ཡོད་འདུག

ཟླ་༡ ཚེས་༡༨ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། གཟུགས་ཚད་ལ་67.08cm ལས་མེད་པའི་བལ་པོ་ཁཱ་གྷན་ཌ-ཐ་བ་(Khagendra Thapa Magar) གློ་ཚད་ཀྱིས་མནར་ནས་ཁ་སང་རེས་གཟའ་པ་སངས་ཉིན་གྲོངས་ཡོད་འདུག

ཁོང་གྲོངས་པའི་གནས་ཚུལ་དེ་བྱུང་རྗེས། གྷན་ནི་སི་འཛམ་གླིང་ཟིན་ཐོའི་ཚོགས་པ་ནས“ཁོང་གིས་རང་ཉིད་ཀྱི་གཟུགས་ཚད་ཆུང་བ་དེ་འགོག་རྐྱེན་བར་ཆད་ལ་འགྱུར་དུ་མ་བཅུག་པར་མི་ཚེའི་བདེ་སྐྱིད་ལ་ལོངས་སུ་སྤྱད་ཡོད་”ཅེས་བཤད་དེ་མྱ་ངན་གུས་དུད་ཞུས་ཡོད་འདུག

སྐུ་ཞབས་ཁོང་ནི་ཕྱི་ལོ་༢༠༡༠ ལོར་ལོ་ན་༡༨ ལ་སོན་པའི་སྐྱེ་སྐར་ཉིན་་འཛམ་གླིང་གི་མི་ཆུང་ཤོས་དེར་ངོས་འཛིན་བྱས་འདུག་ཅིང་། མཛད་སྒོའི་ཐོག་ཏུ་ས་གནས་དང་རྒྱལ་སྤྱིའི་གནད་ཡོད་མི་སྣ་རྣམས་འདུ་འཛོམས་བྱས་ཡོད་འདུག

མཛད་སྒོ་དེའི་ཐོག་ལ། ཁོང་གིས་“ངས་རང་ཉིད་མི་ཆུང་ཆུང་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་མེད། ང་མི་ཆེན་པོ་ཞིག་ཡིན། མཚན་གནས་འདི་ཐོབ་པར་བརྟེན་ནས་གནས་ཚུལ་དེ་ར་སྤྲོད་བྱུང་བ་དང་། ང་རང་ཉིད་དང་ངའི་ནང་མི་ལ་ཁང་པ་ལེགས་པོ་ཞིག་ཉོ་ཐུབ་པའི་རེ་བ་ཡོད་”ཅེས་བཤད་ཡོད་འདུག

གྷན་ནི་སི་འཛམ་གླིང་ཟིན་ཐོའི་ནང་གཟུགས་ཆུང་བའི་མི་ལ་ཟིན་ཐོའི་རིགས་གཉིས་ཡོད་དེ། གོམ་པ་སྤོས་ནས་འགྲོ་ཐུབ་མཁན་གྱི་རིགས་གཅིག་དང་། ཡང་གཞན་གྱི་རོགས་རམ་མེད་པར་ཡར་ལང་མི་ཐུབ་པའི་རིགས་གཅིག་བཅས་ཡིན། ད་ལྟའི་ཆར་ཡར་ལང་མི་ཐུབ་པའི་མི་ཆུང་ཤོས་ཀྱི་ཟིན་ཐོ་དེ་ཧྥི་ལི་པིན་ནས་ཡིན་པའི་ཇོན་ཇི-བྷལ་ཝིན་(Junrey Balawing)གྱིས་བཟུང་ཡོད་ཅིང་། ཁོའི་གཟུགས་པོའི་རིང་ཚད་ནི་(59.93cm)ཡིན་འདུག

སྐུ་ཞབས་ཁཱ་གྷན་ཌ-ཐ་བ་ཡི་མཚན་གནས་དེ་ཡུད་ཙམ་རིང་ཕ་ཡུལ་གཅིག་པའི་མི་གཟུགས་ཚད་ལ་སོར་54.6 cm ལས་མེད་པ་ཞིག་ལ་ཤོར་ཡང་། ཕྱི་ལོ་༢༠༡༥ ལོར་མི་དེ་གྲོངས་པས། ཁོང་ལ་སླར་ཡང་གོམ་པ་སྤོ་མི་ཐུབ་པའི་མི་ཐུང་ཤོས་དེའི་མཚན་གནས་ཐོབ་ཡོད་འདུག

ཁོང་ལ་ཕྱི་ལོ་༢༠༡༠ ལོར་མཚན་གནས་དེ་ཐོབ་པའི་རྗེས། ཁོང་གིས་འཛམ་གླིང་སྐོར་བ་བསྐོར་ནས་ཡུ་རོབ་དང་ཨ་རིའི་བརྙན་འཕྲིན་ཁང་སྣ་ཚོགས་ནང་ཐོན་མྱོང་ཡོད་པ་མ་ཟད། བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་བརྡ་ཁྱབ་ཀྱི་ངོ་གདོང་དུའང་གྱུར་ཡོད་འདུག

གྷན་ནི་སི་འཛམ་གླིང་ཟིན་ཐོའི་རྩོམ་སྒྲིག་པ་ཆེ་བས་ཀྱང་ཁོང་གྲོངས་པའི་གནས་ཚུལ་གོ་བར་“སེམས་སྡུག་ཆེན་པོ་བྱུང་”ཞེས་སྨྲས་པའི་ཐོག “ཁོང་གི་ཡིད་དབང་འཕྲོག་པའི་འཛུམ་དེ་ཤིན་ཏུ་འགོ་སྐྱེན་པོ་ཞིག་ཡིན་པས། སུ་དང་འཕྲད་ཀྱང་སེམས་པ་བཞུ་བ་ཞིག་ཡིན་”ཞེས་བཤད་ཡོད་འདུག

ད་ལྟ་གོམ་པ་སྤོ་ཐུབ་པའི་འཛམ་གླིང་གི་མི་ཐུང་ཤོས་ཀྱི་ཟིན་ཐོ་དེ། གཟུགས་ཚད་(70.21cm)ཡོད་པའི་ཁོ་ལོམ་བྷི་ཡའི་ཨེ་ཌི-ཧར་ནན་ཌི་སི་(Edward Hernandez) ཡིས་བཟུང་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༩༠༨ ཀློག་གྲངས།