བཀའ་ཟུར་རྒྱལ་རི་སྒྲོལ་མས་སྲིད་སྐྱོང་འོས་བསྡུའི་ནང་ལང་འདོད་ཡོད་སྐོར་གསུངས་འདུག

ནང་སྲིད་བཀའ་བློན་ཟུར་པ་རྒྱལ་རི་སྒྲོལ་མས་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལང་འཆར་ཡོད་སྐོར་གསུངས་ཏེ། དངོས་སུ་ལོ་རྗེས་མའི་སྲིད་སྐྱོང་འོས་མིར་ལང་འཆར་ཡོད་པའི་གསལ་བསྒྲགས་སྤེལ་མཁན་ཆེས་ཐོག་མ་དེ་ཆགས་འདུག

དེ་ཡང་ཟླ་འདིའི་ཚེས་༡༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་ནང་ཁོ་རི་རོ་མེ་མཐོ་སློབ་(Kirori Mal College)ཀྱི་སློབ་མའི་ཚོགས་པས་གོ་སྒྲིག་བྱས་པའི་དུས་སྟོན་མཛད་སྒོ་ཞིག་གི་ཐོག་ཏུ་རྒྱལ་རི་སྒྲོལ་མ་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུས་འདུག་པ་དང་། མཛད་སྒོ་དེའི་ཐོག་ཏུ་མོས་དངོས་སུ་མོ་ལོ་རྗེས་མའི་སྲིད་སྐྱོང་འོས་བསྡུའི་ནང་ཞུགས་རྒྱུའི་འདོད་པ་ཡོད་སྐོར་བསྒྲགས་ཡོད་འདུག་སྟེ། མོས་“ང་རང་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ནང་ཞུགས་བློ་ཡོད་མཁན་ཞིག་ཡིན་ཞེས་བཤད་ཆོག ང་རང་ད་ལྟ་དངོས་སུ་འོས་མི་ཞིག་མིན་ཡང་། འོས་བསྡུའི་ནང་ཞུགས་བློ་ཡོད་མཁན་ཞིག་ཡིན། མི་ཚང་མའི་རྒྱབ་སྐྱོར་ལ་བརྟེན་ནས། ང་ལ་སླར་ཡང་ངའི་མི་མང་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་ཤིག་འཐོབ་པའི་རེ་བ་བྱེད་ཀྱི་ཡོད། ལྷག་པར་དུ་༧གོང་ས་མཆོག་ཉེ་འཁོར་དུ་བཞུགས་པའི་ཐོག་ནས་”ཞེས་གསུངས་ཡོད་འདུག 

རྒྱལ་རི་སྒྲོལ་མ་ནི་སྔོན་ཆད་ལོ་༢༠ ཙམ་སྤྱི་འཐུས་བྱས་པ་མ་ཟད། བུད་མེད་སྤྱི་འཐུས་ཚོགས་གཞོན་ཐོག་མའང་བྱེད་མྱོང་ཡོད། དེ་བཞིན་མོ་ཕྱི་ལོ་༢༠༡༠ ལོའི་སྲིད་སྐྱོང་གི་འོས་མིར་ལངས་ཀྱང་། སྔོན་འགྲོའི་འོས་བསྡུའི་རྗེས་མོས་ཕྱིར་འཐེན་བྱས་ཏེ་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེའི་བཀའ་ཤག་ཏུ་ནང་སྲིད་བཀའ་བློན་གྱི་ལས་འགན་འཁུར་མྱོང་ཡོད། 

ལོ་རྗེས་མའི་སྲིད་སྐྱོང་འོས་བསྡུའི་ནང་བྱང་ཨ་རིའི་དོན་གཅོད་ཟུར་བ་དང་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་དང་། དེ་བཞིན་བདེ་སྲུང་བཀའ་བློན་ཟུར་པ་འབྲོང་ཆུང་དངོས་གྲུབ་སོགས་ལང་རྒྱུ་ཡིན་སྐོར་བཤད་མཁན་ཡོད་ནའང། ད་ལྟའི་ཆར་དངོས་སུ་གསལ་བསྒྲགས་སྤེལ་མཁན་ནི་རྒྱལ་རི་སྒྲོལ་མ་ཁོ་ན་ཡིན་འདུག   

གསར་འགོད་པ་དཀོན་མཆོག་རབ་བརྟན། 

 

Share this:
༡༣༣༡ ཀློག་གྲངས།