རྒྱ་བལ་གྱི་ཆིངས་ཡིག་ནང་བོད་མི་ཕྱིར་སློག་གཏོང་བར་དམིགས་པའི་དོན་ཚན་ཞིག་བཞག་ཡོད་འདུག

ཉེ་བའི་ཟླ་ཤས་སྔོན་དུ་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་བར་དུ་བཞག་པའི་ཆིངས་ཡིག་ནང་། བལ་ཡུལ་གཞུང་གིས་ཉེས་ཅན་རྩིས་སྤྲོད་ཀྱི་དོན་ཚན་དེ་བཞག་མེད་པའི་སྐོར་བརྒྱུད་ལམ་ཁག་ཏུ་ཁྱབ་ཡོད་མོད། འོན་ཀྱང་དོན་དངོས་ཐོག་དེའི་ནང་བྲོས་བྱོལ་དུ་ཡོང་བའི་བོད་མི་རྣམས་ཕྱིར་སློག་གཏོང་ཆེད་དམིགས་པའི་དོན་ཚན་ཞིག་བཀོད་ཡོད་འདུག

ཕྱི་ཟླ་༡ ཚེས་༢༢ ཉིན་བལ་ཡུལ་གྱི་གསར་ཁང་ཁ་བྷར་ཧབ་(khabarhub)ནས་གནས་ཚུལ་སྤེལ་བ་ལྟར་ན། ན་ནིང་ཕྱི་ཟླ་༡༠ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡུལ་དུ་ཡོང་སྐབས་རྒྱ་བལ་རྒྱལ་ཁབ་གཉིས་ཀྱིས་བཞག་པའི་ཆིངས་ཡིག་དེའི་ནང་། ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་རྒྱལ་མཚམས་བརྒལ་ནས་འགྲོ་མཁན་རྣམས་ཕྱིར་སློག་གཏོང་བའི་དོན་ཚན་དེ་འདུས་ཡོད་འདུག

ཉེས་ཅན་རྩིས་སྤྲོད་བྱེད་པའི་དོན་ཚན་དེ་ནི་རྒྱ་བལ་གཉིས་ཀྱི་བར་དུ་བཞག་པའི་ཆིངས་ཡིག་དོན་ཚན་༢༠ ཅན་དེའི་དོན་ཚན་དང་པོ་ཡིན་འདུག་ཅིང་། དབྱིན་རྒྱ་བལ་གསུམ་གྱི་སྐད་ཡིག་ནང་བྲིས་པའི་དོན་ཚན་དང་པོ་དེར་ནང་གསེས་ཀྱི་དོན་ཚན་༤༢ ཡོད་འདུག་ཀྱང་། ཕྱིར་བསྒྲགས་མ་བྱས་ནས་གསང་བར་ཉར་ཡོད་འདུག

དེ་ཡང་བལ་ཡུལ་ཕྱི་སྲིད་བློན་ཆེན་ཕེ་ཌི་ཕི་(Pradeep Gyawali) ཡིས་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་གསལ་བཤད་ཀྱི་ཡིག་ཆ་ཞིག་ཕུལ་ཏེ། རྒྱ་ནག་དང་བལ་ཡུལ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་རྒྱལ་མཚམས་བརྒལ་ནས་ཡོང་མཁན་རྣམས་ཉིན་བདུན་ནང་ཚུན་ཕྱིར་སློག་དགོས་པའི་གྲོས་མཐུན་ཞིག་བཞག་ཡོད་སྐོར་བརྗོད་རྗེས། རྒྱ་བལ་གཉིས་ཀྱི་བར་དུ་དེ་འདྲའི་གྲོས་མཐུན་ཞིག་བཞག་པ་གསལ་པོ་ཆགས་པའི་ཐོག གྲོས་མཐུན་དེར་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གྱིས་མཚན་རྟགས་བཀོད་ཡོད་འདུག

ལམ་ཁ་བརླགས་ནས་བོད་ཀྱི་ས་ཐོག་ཏུ་བསླེབས་པའི་བལ་ཡུལ་གྱི་ལུག་རྫི་འགའ་ཤས་མ་གཏོགས། ཡིག་ཆ་མེད་པར་ས་མཚམས་བརྒལ་ནས་འགྲོ་མཁན་ཕལ་མོ་ཆེ་ནི། རྒྱ་ནག་གི་བཙན་ཤེད་དང་གདུག་རྩུབ་ལས་བྲོས་བྱོལ་དུ་ཡོང་བའི་བོད་མི་རྣམས་ཡིན་པས། གྲོས་མཐུན་དེའི་དམིགས་ས་ནི་དེ་ལྟར་བྲོས་བྱོལ་དུ་ཡོང་བཞིན་པའི་བོད་མི་རྣམས་ཡིན་འདུག

ད་ཐེངས་ཀྱི་རྒྱ་བལ་གཉིས་ཀྱི་གྲོས་མཐུན་དེ་ནི་བལ་ཡུལ་གྱིས་མཉམ་འབྲེལ་རྒྱལ་ཁབ་སྐྱབས་བཅོལ་ལྟ་སྐྱོང་ཚོགས་པ་(UNHCR)དང་ལྷན་དུ་བཞག་པའི་གྲོས་མཐུན་དང་འགལ་ཡོད་འདུག་སྟེ། མཉམ་འབྲེལ་རྒྱལ་ཁབ་སྐྱབས་བཅོལ་ལྟ་སྐྱོང་ཚོགས་པས་སྐྱབས་བཅོལ་བ་རྣམས་རྒྱལ་ཁབ་གཅིག་བརྒྱུད་དེ་གཞན་དུ་འགྲོ་བའི་ཐོབ་ཐང་ལ་བརྩི་སྲུང་དགོས་ཚུལ་བརྗོད་ཀྱི་ཡོད།

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་ནུབ་ཕྱོགས་ཀྱི་སྲིད་གཞུང་རྣམས་ཀྱིས་སྔ་མོ་ནས་འདི་ལྟ་བུའི་གྲོས་མཐུན་ཞིག་གིས་སྐྱབས་བཅོལ་བའི་འཚོ་བའི་ཐོབ་ཐང་དང་། འགྲོ་འདུག་གི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་སེམས་ཁུར་བྱེད་བཞིན་ཡོད་འདུག་མོད། འོན་ཀྱང་བལ་ཡུལ་གྱི་འགོ་ཁྲིད་ཚོས་སོ་སོའི་ངོ་གདོང་སྲུང་ཆེད། བོད་མི་སྐྱབས་བཅོལ་བ་རྣམས་བཀག་སྡོམ་མེད་པར་རྒྱལ་ཁབ་གཞན་དུ་འགྲོ་རུ་འཇུག་པའི་གྲོས་མཐུན་དེར་བརྩི་འཇོག་བྱེད་ཀྱི་ཡོད་ཚུལ་ཡང་ནས་བསྐྱར་དུ་བཤད་ཀྱི་ཡོད་འདུག

ད་ཐེངས་བཞག་པའི་རྩོད་རྙོག་ཅན་གྱི་གྲོས་མཐུན་འདི་ལོ་བཅུ་རེའི་ནང་རང་བཞིན་གྱིས་བསྐྱར་གསོ་ཡོང་བ་བཟོས་ཡོད་འདུག་ཅིང་། འབྲེལ་ཡོད་རྒྱལ་ཁབ་གཅིག་གིས་ལོ་བཅུ་ཚང་བར་ཟླ་བ་དྲུག་ཡོད་པའི་སྐབས་སུ་ཕྱིར་འཐེན་བྱས་ན། ད་གཟོད་གཞི་ནས་མེད་པར་ཆགས་ཀྱི་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།

Share this:
༡༠༡༠ ཀློག་གྲངས།