རྒྱ་ནག་གིས་རིམས་ནད་སྦ་གསང་བྱས་པར་བརྟེན་ནས་ཁྱབ་གདལ་ཕྱིན་ཡོད་འདུག

རྒྱ་ནག་གིས་དུས་ཐོག་ཏུ་གློ་ཚད་རིམས་ནད་(coronavirus)སྨན་བཅོས་དང་སྔོན་འགོག་བྱེད་རྒྱུའི་ཚབ་ཏུ། རིམས་ནད་དེའི་སྐོར་དྲ་ཐོག་ཏུ་བརྒྱུད་བསྒྲགས་བྱེད་མཁན་དང་གསར་འགོད་པ་རྣམས་འཛིན་བཟུང་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་སྟབས། རིམས་ནད་དེ་ཐོག་མར་འབྱུང་སའི་རྒྱ་ནག་གི་གྲོང་ཁྱེར་ཝའུ་ཧན་ནས་རྒྱ་ཆེར་མཆེད་དེ་ད་ཆ་ཨ་རི་དང་། ཉིང་ཧོང་། སིང་གྷ་པོར། ཧོང་ཀོང་། དབྱིན་ཇི་སོགས་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་གདལ་ཕྱིན་ཡོད་པ་མ་ཟད། ཉུང་མཐར་ཡང་མི་མང་ ༨༣༠ ལ་འགོས་ཟིན་པའི་ཐོག མི་ ༢༦ གི་ཚེ་སྲོག་ཤོར་ཡོད་འདུག 

ད་ལྟའི་ཆར་རྒྱ་ནག་སྲིད་གཞུང་གིས་ཝུའུ་ཧན་གྱིས་གཙོས་པའི་ཧུའུ་བྷེ་ཞིང་ཆེན་གྱི་གྲོང་ཁྱེར་བཅུ་ལྷག་གི་འགྲིམ་འགྲུལ་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་རིམས་ནད་དེ་འགོག་པའི་འབད་བརྩོན་བྱེད་བཞིན་པའི་སྒང་ཡིན་མོད། འོན་ཀྱང་ཕྱི་ཟླ་དང་པོའི་མགོ་སྟོད་དེ། རིམས་ནད་དེ་དེ་ཙམ་ཁྱབ་གདལ་ཕྱིན་མེད་པའི་སྐབས་སུ་ཝུའུ་ཝན་གྲོང་ཁྱེར་གྱི་ཉེན་རྟོག་པས་མི་བརྒྱད་ཙམ་“དཀྲོག་གཏམ་ཕྱིར་བསྒྲགས་བྱས་པའི”་ཉེས་མིང་འོག་འཛིན་བཟུང་བྱས་ནས་རིམས་ནད་སྔོན་འགོག་བྱེད་པའི་གོ་སྐབས་རྩ་ཆེན་ཞིག་འཆོར་དུ་བཅུག་ཡོད་འདུག

རྒྱ་ནག་གཞུང་གིས་སོ་སོའི་ངོ་གདོང་སྲུང་ཆེད་ནད་ཡམས་གསང་ཐབས་བྱས་ཏེ་ཤུགས་ཆེར་ཁྱབ་གདལ་འགྲོ་རུ་བཅུག་པ་ནི། ད་ཐེངས་འདི་ཐོག་མ་མ་ཡིན་པར་སྔོན་ཆད་ཕྱི་ལོ་ ༢༠༠༣ ལོའི་ཡང་ནད་ཡམས་གསང་ཐབས་བྱས་ཏེ་རྒྱ་ཆེར་ཁྱབ་པའི་མཇུག་འབྲས་སུ། མི་མང་ ༨༠༠༠ ལྷག་ལ་ནད་ཡམས་དེ་འགོས་པའི་ཁར། མི་ ༨༠༠ མ་ཟིན་ཙམ་གྱི་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་འདུག 

འཛམ་གླིང་འཕྲོད་ལྟ་སྐྱོང་ཚོགས་པས་(WHO)རིམས་ནད་དེ་རྒྱ་ནག་ནང་ལོགས་སུ་ཛ་དྲག་གྱུར་ཡོད་པ་མ་གཏོགས། ད་ལྟའི་ཆར་འཛམ་གླིང་སྤྱི་ལ་ཛ་དྲག་གི་ཉེན་ཁ་ཞིག་གྱུར་མེད་ཚུལ་བཤད་ཡོད་འདུག འོན་ཀྱང་ཆམ་པའི་ནད་རྟགས་(ཚ་བ་རྒྱས་པ་དང་། གློ་རྒྱག་པ། དབུ་གཏོང་དཀའ་བ་སོགས་ཡིན།)ཅན་གྱི་རིམས་ནད་དེ་འགོས་པའི་ནད་པའི་གྲངས་འབོར་དང་། རྐྱེན་ལམ་དུ་ཕྱིན་པའི་ཁ་གྲངས་དེ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། འཛམ་གླིང་སྤྱི་ཡོངས་ནས་དོགས་ཟོན་དང་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག 

དེ་མིན་ད་དུང་ཉམས་ཞིབ་པ་འགའ་ཤས་ཀྱིས་རྒྱ་ནག་གིས་དངོས་ཡོད་གནས་ཚུལ་གསང་ནས་བརྗོད་ཀྱི་མེད་སྟབས། དོན་དངོས་ཐོག་ནད་པའི་གྲངས་འབོར་དང་ཉེ་ཚབས་སྲིད་གཞུང་གིས་བརྗོད་པ་ལས་ཆེ་བ་ཡོད་སྐོར་བཤད་ཀྱི་ཡོད་པ་མ་ཟད། ཉམས་ཞིབ་གཅིག་གིས་ད་ཐེངས་ཀྱི་ནད་ཡམས་འདི་སྔོན་ཆད་ཕྱི་ལོ་ ༢༠༠༣ གྱི་ནད་ཡམས་དེ་ལས་ལྡབ་བཅུས་སྡུག་པ་ཡོང་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༧༤༩ ཀློག་གྲངས།