ཏུར་ཀི་ནང་དུ་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་འདུག

ཏུར་ཀིའི་ཤར་ཕྱོགས་ས་ཁུལ་དུ་ས་ཡོམ་ཆེན་པོ་ཞིག་བརྒྱབ་འདུག་པ་དང་། ཉིན་གཉིས་རྗེས་སུ་མྱུར་སྐྱོབ་ལས་གཞི་མུ་མཐུད་འགྲོ་བཞིན་འདུག 

ཟླ་༡ པོའི་ཚེས་༢༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ཚེས་༢༤ ཉིན་ཏུར་ཀིའི་ཤར་ཕྱོགས་ཁུལ་དུ་ས་ཡོམ་ཤུགས་ཚད་༦.༨ དང་གཏིང་ཚད་ཀི་ལོ་མི་ཊར་༦.༧ ཅན་ཞིག་བརྒྱབ་འདུག་པ་དང་། དེ་ཡང་དུས་ཡུན་སྐར་ཆ་༤༠ རིང་ས་འགུལ་འདུག དེའི་མཇུག་ཏུ་རྗེས་ཡོམ་གྲངས་༡༥ བརྒྱབ་པའི་ཁྲོད་དུ་ཤུགས་ཚད་ཆེ་ཤོས་༥.༤ ཅན་ཞིག་བརྒྱབ་འདུག 

ཏུར་ཀི་རྒྱལ་ཁབ་དེ་ས་ཡོམ་གྱི་ཉེན་ཁ་ཆེ་བའི་མངའ་ཁུལ་དུ་ཆགས་ཡོད་པས། ཕྱི་ལོ་༡༩༩༩ ལོར་ཏུར་ཀིའི་བྱང་ནུབ་ཁུལ་དུ་ས་ཡོམ་ཤུགས་ཆེན་གཉིས་བརྒྱབ་ནས་མི་མང་༡༨,༠༠༠ ཡི་ཚེ་སྲོག་ཤོར་འདུག་པ་དང་། ཐེངས་འདིར་མི་ཉུང་མཐར་༣༨ ཀྱི་ཚེ་སྲོག་ཤོར་འདུག ཁང་བརྩེགས་ཁག་གི་རྡིབ་རོའི་ཁྲོད་དུ་མྱུར་སྐྱོབ་ལས་གཞི་མུ་མཐུད་འགྲོ་བཞིན་འདུག་པས། ཚེ་སྲོག་ཤོར་མཁན་གྱི་ཁ་གྲངས་འཕར་སྲིད་པ་རེད་འདུག དེ་བཞིན་རྨས་སྐྱོན་ཕོག་མཁན་མི་གྲངས་༡༦༠༠ ལས་མང་བ་བྱུང་བའི་ཁྲོད་དུ། ཕལ་ཆེ་བ་ས་འགུལ་ལྟེ་གནས་ཨི་ལ་ཛིག་མངའ་སྡེ་ནས་ཡིན་པ་དང་། དེ་སྔོན་ཕྱི་ལོ་༢༠༡༠ ལོར་མངའ་སྡེ་དེར་ས་ཡོམ་ཤུགས་ཚད་༦ ཅན་ཞིག་བརྒྱབ་ནས་མི་མང་༥༡ བསད་འདུག ད་ལྟའི་ཆར་མྱུར་སྐྱོབ་ལས་མི་༤༠༠༠ ལྷག་གིས་གནམ་གཤིས་གྲང་ངར་ལྡན་པའི་ཁྲོད་དུ། ཉུང་མཐར་མི་གྲངས་༤༥ ཡི་ཚེ་སྲོག་བསྐྱབས་ཐུབ་འདུག 

ཚེས་༢༥ ཉིན་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷོན་དང་བློན་ཆེན་རྣམས་ས་ཡོམ་བྱུང་ཡུལ་དུ་སླེབས་ནས། ཚེ་སྲོག་ཤོར་མཁན་ཨ་མ་ཞིག་དང་མོའི་བུ་གཉིས་ཀྱི་དུར་མཆོད་ལ་མཉམ་ཞུགས་ཀྱིས། གཞུང་གིས་མྱུར་སྐྱོབ་ལས་གཞི་གང་ཡོང་བྱེད་བཞིན་ཡོད་པ་དང་མུ་མཐུད་ནས་བྱེད་རྒྱུ་ཁས་ལེན་བྱས་འདུག 

ད་བར་ཁང་བརྩེགས་༡༥༢༡ ལ་རྟོག་ཞིབ་བྱས་འདུག་པ་དང་། ཁང་བརྩེགས་༧༦ ལ་རྡིབ་སྐྱོན་བྱུང་འདུག་པ་དང་། ༦༤༥ ལ་གཏོར་སྐྱོན་ཆེན་པོ་བྱུང་འདུག མྱུར་སྐྱོབ་རུ་ཁག་གིས་མི་མང་རྣམས་ཕྱིར་རང་གི་ཁང་པའི་ནང་དགོས་གལ་ཆེ་བའི་ཅ་དངོས་རིགས་ལེན་པར་འགྲོ་མི་རུང་བའི་ཉེན་བརྡ་བཏང་ནས། མི་མང་རྣམས་རྩེད་རྭ་ཆེན་མོ་དང་སློབ་མའི་སྡོད་ཁང་སོགས་སུ་གནས་སྤོས་བྱེད་དུ་བཅུག་འདུག 

མི་གྲངས་འབུམ་༥ ལྷག་གིས་ས་ཡོམ་དེ་ཤུགས་ཆེན་ངང་ཚོར་འདུག་པ་དང་། ཏུར་ཀི་གཙོ་བོ་གྱུར་བའི་ཨི་རག་དང་སི་རི་ཡ། ལེ་བྷེ་ནོན་བཅས་ཚུད་པའི་རྒྱལ་ཁབ་ཁ་ཤས་ནང་དུ་ཡང་ས་འགུལ་ཚོར་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༦༣༤ ཀློག་གྲངས།