རྒྱལ་སྤྱིའི་རྩོམ་པ་པོ་དང་ལོ་ཙཱ་བ་༡༠༠༠ མ་ཟིན་ཙམ་གྱིས་རྒྱ་ནག་ལ་བཀྲ་ཤིས་དབང་ཕྱུག་གློད་གྲོལ་གཏོང་བའི་དགོས་འདུན་བཏོན་འདུག  

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ལོ་ངོ་བཞི་ཏག་ཏག་འཁོར་བའི་ཉིན་མོ་དང་སྟབས་བསྟུན་ནས། རྒྱལ་སྤྱིའི་རྩོམ་པ་པོ་དང་། ལོ་ཙྭ་བ། སྐད་བརྡ་རིག་པ་སྨྲ་བ་སོགས་མི་སྣ་༡༠༠༠ མ་ཟིན་ཙམ་གྱིས་རྒྱ་ནག་གཞུང་ལ་ཁོང་གློད་གྲོལ་དགོས་པའི་ཡི་གེ་ཞིག་བཏང་ཡོད་འདུག 

དེ་ཡང་ཕྱི་ཟླ་༡ ཚེས་༢༦ ཉིན་ཕེན་ཨ་རིའི་རྩོམ་པ་པོ་མཐུན་ཚོགས་(Pen America)ནས་རྩོམ་པ་པོ་དང་། ལོ་ཙྭ་བ། སྐད་བརྡ་རིག་པ་སྨྲ་བ་སོགས་མི་སྣ་དང་ཚོགས་པ་བསྡོམས་༡༠༠༠ མ་ཟིན་ཙམ་གྱི་མཚན་རྟགས་འཁོད་པའི་ཡི་གེ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། རྒྱ་ནག་ལ་བཀྲ་ཤིས་དབང་ཕྱུགས་འཕྲལ་དུ་བཙོན་གྲོལ་གཏོང་བའི་དགོས་འདོན་བཏོན་ཡོད་འདུག 

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཞི་ཅིན་ཕིང་ལ་བསྐུར་པའི་ཡི་གེ་དེའི་ནང་། བཀྲ་ཤིས་དབང་ཕྱུག་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་ལས་འགུལ་དེ་རྒྱ་ནག་གི་རྩ་ཁྲིམས་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་ཡོད་པ་ནན་བཤད་བྱས་པའི་ཐོག “བཀྲ་ཤིས་དབང་ཕྱུག་ལ་དགོས་ངེས་ཀྱི་ཁྲིམས་ཀྱི་བརྒྱུད་རིམ་མེད་པར་བཙོན་འཇུག་དང་ཁྲིམས་ཐག་བཅད་པ་མ་ཟད། ཁྲིམས་ཐག་མ་བཅད་སྔོན་དུ་མནར་གཅོད་བཏང་བའི་གནས་ཚུལ་བྱུང་བ་དེར་ང་ཚོས་དོ་འཁུར་དང་སེམས་འཚབ་དཔག་མེད་བྱེད་ཀྱི་ཡོད། ང་ཚོས་སྐྱེ་བོ་ཚང་མའི་སོ་སོའི་ཕ་སྐད་སྦྱོང་སྤྱོད་སྤེལ་གསུམ་བྱེད་པའི་ཐོབ་ཐང་དེ་ངེས་པར་དུ་སྲུང་སྐྱོབ་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ལ་བཀྲ་ཤིས་དབང་ཕྱུག་གློད་གྲོལ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སྦྱོང་སྤྱོད་སྤེལ་གསུམ་བྱེད་པའི་ཐོབ་ཐང་བརྩི་སྲུང་གི་རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲིམས་ལུགས་ལ་གུ་བཀུར་བྱེད་པའི་འབོད་སྐུལ་ཞུ་ཡི་ཡོད་”ཅེས་འཁོད་ཡོད་འདུག 

བཀྲ་ཤིས་དབང་ཕྱུག་གློད་གྲོལ་དགོས་པའི་ཐོག་ལས་འགུལ་ཡུན་རིང་སྤེལ་མཁན་གྱི་ཚོགས་པ་སྟེ། པེན་ཨ་རིའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྩོམ་པ་པོ་ཇ་ནི་ཧྥར-ཨེ་གྷན་(Jennifer Egan)གྱིས་“སོ་སོའི་སྐད་བེད་སྤྱོད་བྱེད་པའི་རང་དབང་མེད་ན། འབྲི་བའི་རང་དབང་ལ་དོན་སྙིང་ཞིག་མེད། པེན་ཨ་རིའི་རྩོམ་པ་པོ་མཐུན་ཚོགས་ནས་མཐའ་གཅིག་ཏུ་སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།”ཅེས་གསུངས་པའི་ཐོག “བཀྲ་ཤིས་དབང་ཕྱུག་གིས་རྒྱ་ནག་ཏུ་སོ་སོའི་སྐད་ཡིག་བརྒྱུད་དེ་རང་དབང་ངང་ཕན་ཚུན་གོ་བརྡ་གླེང་མོལ་བྱེད་འདོད་པའི་བོད་མི་ཚོའི་ཆེད་དུ་ལས་འགུལ་སྤེལ་བས། དྲང་བདེན་མེད་པར་འཛིན་བཟུང་བཙོན་འཇུག་བྱས་པ་རེད། ང་ཚོས་ཁོང་འཕྲལ་དུ་གློད་གྲོལ་དགོས་པ་དང་། ཁོང་གི་སྐད་ཡིག་ལ་རང་དབང་དགོས་པའི་འབོད་སྐུལ་དེ་[རྒྱ་ནག་གཞུང་གིས་]སྐོང་དགོས་”ཞེས་བསྣན་ཡོད་འདུག 

བཀྲ་ཤིས་དབང་ཕྱུག་ནི་ཚོང་ལས་ཆུང་ཆུང་གཉེར་མཁན་གྱི་བོད་མི་དཀྱུས་མ་ཞིག་ཡིན་ཞིང་། ཁོང་གིས་སོ་སོའི་ཕ་ཡུལ་གྱི་སྲིད་གཞུང་དང་སློབ་གྲྭའི་ནང་རྒྱ་ཡིག་ལས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་མི་བྱེད་པའི་སྲིད་བྱུས་གདུག་རྩུབ་ཅན་དེ་མཐོང་རྗེས། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་ཐབས་བྱས་ཀྱང་། རྒྱ་གཞུང་གིས་རྩ་ཁྲིམས་ལག་བསྟར་བྱེད་རྒྱུའི་ཚབ་ཏུ་ཕྱི་ལོ་༢༠༡༦ ཟླ་༡ ཚེས་༢༧ ཉིན་ཁོང་གསང་བའི་ཐོག་ནས་འཛིན་བཟུང་བྱས་པ་མ་ཟད། དེ་ནས་ཕྱི་ལོ་༢༠༡༨ ལོར་ཉིན་གཅིག་གི་ཁྲིམས་བཤེར་ལས་མ་མེད་པར་ལོ་ལྔ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༧༡༣ ཀློག་གྲངས།