ཝུ་ཧན་ནད་དུག་རྒྱབ་ཀྱི་འཁྲབ་སྟོན་ཞིག

(རྩོམ་བདག་ལས་ཆོག་མཆན་ཞུས་ཏེ་ཁ་བྱང་འགྱུར་བ་བཏང་བ་ཡིན།)              

ཨོ་སི་ཧྥོར་ཊི་སློབ་ཆེན་གྱི་འབུམ་རམས་པ་སྦྲ་རིགས་ཐོགས་མེད་ཀྱིས་བརྩམས། རྫ་ཆུའི་ཉི་འོད་ཀྱིས་བོད་ཡིག་ཏུ་བསྒྱུར།

ཟླ་དང་པོའི་ཚེས་ཉེར་ལྔའི་ཞོགས་པར་རྒྱ་ནག་ཝུ་ཧན་གྱི་སྨན་ཁང་ཞིག་ནས་ཡིན་པའི་སྨན་ཞབས་པ་བུད་མེད་ཅིག་གིས་སྐད་འཕྲིན་ནང་དུ་རང་གི་གྲོགས་མོར་ཏོག་དབྱིབས་ནད་དུག་གི་སྐོར་ལ་བཤད་པའི་སྐད་ཆ་ཞིག་ཏུ་“འགོས་ནད་འདི་ནི་བརྙན་འཕྲིན་ནང་དུ་བཤད་པ་དག་ལས་རྦད་དེ་ཉེན་ཚབས་ཆེ་བ་འདུག སྨན་ཁང་དུ་ནད་གཏུག་བྱེད་མཁན་གྱི་གྲངས་ཀ་ཧ་ཅང་མང་པོ་རེད། སྨན་པ་ཚོས་འགོས་ནད་འཕོག་པའི་ནད་པའི་གྲངས་ཀ་འབུམ་གཅིག་ཙམ་ཟིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག སྨན་པ་རེ་རེས་ཉིན་རེར་ནད་པ་བརྒྱ་ལྷག་ལ་སྨན་བཅོས་བྱེད་བཞིན་ཡོད་ནའང་ནད་པ་མང་པོ་ཞིག་གིས་སྲོག་མགོ་ཐོན་གྱི་མི་འདུག སྨན་ཁང་དུ་ཉལ་ཁྲི་དང་སྨན་འདང་ངེས་ཤིག་མི་འདུག ནད་པ་ཚོས་ང་ཚོར་ཞུ་བ་བྱེད་ཀྱི་འདུག་ཀྱང་ང་ཚོ་ལ་བྱ་ཐབས་གང་ཡང་མི་འདུག ང་ཚོའི་མིག་སྔར་ནད་པ་མང་པོ་འཆི་བཞིན་པ་མཐོང་དུས་སེམས་པས་བཟོད་ཐབས་མི་འདུག་”ཅེས་ངུ་བཤད་བྱེད་ཀྱིན་པའི་སྐད་ཆ་དེ་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་བྱུང་སོང་།

ཧྥ་རན་སིའི་གསར་ཤོག་རང་དབང་གི་གཤོག་པ་La Plume Libre ཡིས་ཝུ་ཧན་གྱི་སྨན་པ་ཞིག་ལ་བཅར་འདྲི་བྱས་པའི་ནང་“མ་མཐའ་ཡང་འགོས་ནད་འཕོག་པའི་ནད་པ་ཁྲི་དགུ་ཟིན་འདུག འགོས་ནད་སློང་མཁན་གྱི་སྲིན་འབུ་དེར་རིམ་འགྱུར་གྱི་ནུས་པ་ལྡན་པས་མི་གཅིག་ནས་གཞན་དག་ལ་ལམ་སེང་འགོས་འགྲོ་བ་ཡིན”ཟེར། ཕྱི་ལ་གྱར་ཤོར་བའི་བརྙན་ཐུང་མང་པོའི་ནང་དུ་ནད་པ་ཚོ་རྡོ་གཅལ་སྟེང་དུ་ཤི་བོའི་ཕུང་པོ་དང་མཉམ་དུ་ཡོད་པ་མཐོང་ཐུབ་ལ་ཝུ་ཧན་གྱི་སྨན་ཁང་ཞིག་གི་དོ་དམ་པས་བརྗོད་པར་“སྨན་པ་ཚོ་ཡིད་ཐང་ཆད་དེ་གཞུང་ཕྱོགས་ནས་ཡ་ལན་མི་བྱེད་པར་སྐྱོན་བརྗོད་བྱེད་ཀྱིན་འདུག་”ཟེར།

ཡིན་ན་ཡང་སྲིད་གཞུང་གི་མགྲིན་ཚབ་ཏུ་གྱུར་བའི་རྒྱ་ནག་ཉིན་རེའི་ཚགས་པར་ནང་དུ་འགོས་ནད་ཕོག་པའི་གྲངས་ཀ་༡༢༨༧ དང་འདས་གྲོངས་སུ་གྱུར་བའི་གྲངས་ཀ་༤༡ ཡིན་པ་འཁོད་འདུག་ཅིང་ནད་པ་༣༨ སངས་དྲག་བྱུང་སྟེ་སྨན་ཁང་ནས་ཐོན་ཡོད་པའི་གནས་ཚུལ་སྤེལ་འདུག པེ་ཅིང་གསར་ཁང་གིས་ཀྱང་རང་ལོ་ལྔ་བཅུ་ང་དྲུག་ཡིན་པའི་བུད་མེད་ཅིག་ཧྲང་ཧེ་སྨན་ཁང་ནས་ཉིན་དྲུག་གི་ནང་དུ་དྲག་སྐྱེད་བྱུང་ཡོད་པའི་གནས་ཚུལ་འཁོད་འདུག ཤིན་ཧྭ་གསར་ཁང་གིས་འགོས་ནད་དེ་ཁྱབ་བརྡལ་འགྲོ་འགོ་བཙུགས་པ་ཙམ་ཡིན་ཞིང་འགོག་ཐབས་སྤྱད་དེ་རྩ་འགོག་ཐུབ་ངེས་ཡིན་པར་བརྗོད་ཡོད།

དབྱིན་ཡུལ་གྱི་ལྟ་སྲུང་བ་Guardian གསར་ཁང་གི་འཕྲོད་བསྟེན་ཚན་པའི་རྩོམ་སྒྲིག་པ་སཱ་རཱ་བྷོསི་ལེ་Sarah Boseley ཡིས་བཤད་པར་“ད་ལྟའི་ཆར་འགོས་ནད་འདི་ལ་དམིགས་བསལ་གྱི་བཅོས་ཐབས་གང་ཡང་རྙེད་མེད། འདི་སྲིན་འབུ་དུག་ཅན་Virus གྱིས་བསླངས་བ་ཡིན་པས་ནད་འབུ་Bacteria འགོག་བྱེད་ཀྱི་འགོག་སྨན་གང་གིས་ཀྱང་ཕན་ནུས་ཐོན་གྱི་མེད་པ་མ་ཟད་འདི་ནི་སྲིན་འབུའི་རིགས་ཁ་ཁ་ཞིག་ཡིན་པས་རིམས་ཚད་སློང་མཁན་གྱི་སྲིན་འབུའི་Flu Virus འགོག་སྨན་དག་གིས་ཀྱང་ཕན་ཐོགས་གང་ཡང་འབྱུང་གི་མི་འདུག་”ཟེར།

ཨ་རིའི་ཉིན་རེའི་གསར་ཁང་གིས་འགོས་ནད་ཆེད་མཁས་སྨན་པ་མའེ་ཁལ་ཨའེ་སོན་ལགས་སུ་བཅར་འདྲི་ཞུས་པའི་ནང་དུ་ཁོང་གིས་“ད་ལྟའི་ཆར་ངོས་འཛིན་ཐོབ་པའི་འགོག་སྨན་གང་ཡང་འདོན་ཐུབ་མེད་པར་བརྟེན་ཡོད་ཚད་ཚོད་ལྟ་རང་གི་ངོ་བོ་ཙམ་དུ་ལུས་ཡོད་པ་རེད།”ཟེར།

རྒྱ་ནག་གཞུང་གིས་ནད་ཡམས་འདི་དང་ཐོག་ཉིད་ནས་སྔོན་འགོག་དང་སྟངས་འཛིན་བྱེད་ཕྱོགས་ཀྱི་ཐད་ལ་དྲྭ་ལམ་མི་མང་དང་ཤེས་ཡོན་པ་མང་པོར་འདོད་བློ་མ་ཁེངས་བ་བྱུང་ཡོད། ཨ་རིར་གནས་བཞུགས་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གིས་སྔོན་ཆད་༢༠༠༣ ལོའི་གློ་ནད་SARS བྱུང་བའི་སྐབས་དང་མཚུངས་པར་ད་ལྟའི་ནད་ཡམས་དེའི་སྐོར་གྱི་དངོས་ཡོད་གནས་སྟངས་དང་ཉེན་ཚབས་ཇི་ཙམ་ཆེ་མིན་སོགས་ཀྱི་སྐོར་ནས་གནས་ཚུལ་བདེན་པ་ཤོད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས།

གཞན་ཡང་དབྱིན་ཡུལ་གྱི་ཉིན་རེའི་ཆ་འཕྲིན་གསར་ཁང་Daily Mail གིས་གནས་ཚུལ་སྤེལ་བ་ལྟར་ན་སྔ་ལོའི་ཟླ་བཅུ་གཉིས་པའི་ནང་དྲྭ་ལམ་དུ་འགོས་ནད་འདིའི་ཉེན་ཚབས་སྐོར་གྱི་བརྙན་ཐུང་སྤེལ་བར་བརྟེན་མི་བརྒྱད་གཞུང་གིས་འཛིན་བཟུང་བྱས་ཡོད་པ་འཁོད་འདུག ཧོང་ཀོང་གཙུག་ལག་སློབ་གྲྭའི་སྲིན་འབུ་ནད་དུག་སྐོར་གྱི་ཆེད་མཁས་པ་གྷན་ཡི་ལགས་ཀྱིས་བཤད་པར་“ངས་བལྟས་ན་ང་ཚོས་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུའི་གསེར་གྱི་དུས་སྐབས་དེ་ཤོར་ཟིན་པ་རེད་”ཟེར།

ཐེངས་འདིའི་ཏོག་དབྱིབས་ནད་དུག་གི་གནས་ཚུལ་ཁྲོད་དུ་ཡུ་གུར་བ་དང་བོད་མི་རྣམས་དང་འབྲེལ་བའི་གནད་དོན་གཞན་ཞིག་ཡོད་པ་ནི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་རྒྱ་ནག་གཞུང་གིས་འགོས་ནད་ཁྱབ་བརྡལ་མི་འགྲོ་བའི་ཆེད་དུ་ཝུ་ཧན་ནས་རྒྱ་ནག་གི་ས་ཆ་གཞན་ཐམས་ཅད་ལ་འགྲོ་ལམ་བཀག་པ་ཡིན་ཡང་། ཡ་མཚན་པ་ཞིག་ལ་བོད་དང་ཡུ་གར་གྱི་རྒྱལ་ས་ལྷ་ས་དང་ཡུ་རུམ་ཁི་གཉིས་ལ་སྔར་རྒྱུན་ལྟར་འགྲིམ་འགྲུལ་ཤར་གཏོང་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་མི་ཡུལ་སྐོར་བ་གཉིས་དངོས་སུ་ལྷ་སར་འབྱོར་ཏེ་“ང་ཚོས་འགོས་ནད་ལ་སྣང་བ་མི་གཏོང་”ཟེར་བཞིན་པའི་བརྙན་ཐུང་ཞིག་ཀྱང་དྲྭ་ལམ་དུ་ཁྱབ་ཡོད་པ་རེད།

ལྷ་སར་གནས་བཞུགས་བོད་མི་ཤེས་ཡོན་པ་ཞིག་གིས་“རྒྱ་ནག་གི་ཆབ་སྲིད་ཀྱི་མིག་སྔར་གསལ་ཤོས་སུ་གྱུར་ཞིང་མི་རིགས་མཉམ་བསྲེས་ཀྱི་བྱ་བར་འགོག་རྐྱེན་མང་ཤོས་ཐེབས་ས་བོད་དང་ཡུ་གུར་གཉིས་ལ་རྐང་བཙུགས་ནས་འགོས་ནད་ཕོག་པའི་ནད་པ་གཏོང་གི་ཡོད་རེད།”ཅེས་སྐྱོན་བརྗོད་བྱས།    དེ་བཞིན་ལོན་ཌོན་དུ་གནས་བཞུགས་ཡུ་གུར་གྱི་བུད་མེད་ལས་འགུལ་བ་ཞིག་གིས་ཁོ་བོར་བཤད་རྒྱུར་“རྒྱ་ནག་གིས་བོད་དང་ཡུ་གུར་གཉིས་ལ་ཏོག་དབྱིབས་ནད་དུག་འདི་སྔོན་འགོག་དང་ཚོད་འཛིན་བྱེད་པར་སྨན་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་པོ་མེད་པ་ཤེས་བཞིན་དུ་རྐང་བཙུགས་ནས་ནད་ཡམས་འབྱུང་སའི་ཡུལ་དང་འབྲེལ་ཐག་མ་བཅད་པ་རེད།”ཟེར།

རྒྱ་ནག་གཞུང་གིས་རྒྱུན་དུ་བོད་དང་ཡུ་གུར་གཉིས་ནི་ཁོང་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ནན་བརྗོད་བྱེད་མོད། འོན་ཀྱང་ཐེངས་འདིའི་འགོས་ནད་སྔོན་འགོག་གི་ལས་གཞིའི་ཁྲོད་ཅིའི་ཕྱིར་ཡུ་གུར་བ་དང་བོད་རིགས་གཉིས་ལ་སྣང་ཆུང་བྱས་པ་རེད་དམ། རྒྱ་ནག་ལ་མཚོན་ན་གནས་སྟངས་འདི་འདྲའི་སྐབས་སུ་ལྷག་ཏུ་དམར་ཤོག་ཚོགས་པ་ནི་མི་མང་གི་བདེ་དོན་ལས་ཀྱང་གལ་ཆེ་བར་བརྩི་བ་ཡིན། དཔལ་འབྱོར་གྱི་འཕེལ་ཚད་ཆག་ཤིང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ལྟ་བའི་ཕྱོགས་ནས་མཚང་འབྲུ་བསྟུན་མར་བྱེད་ཀྱིན་ཡོད་པར་བརྟེན་རང་སྐྱོན་སྦ་ཐབས་བྱེད་པ་དེའང་རྒྱ་ནག་གི་འགོ་ཁྲིད་དག་ལ་མཚོན་ན་ཁག་མེད་ཀྱང་སྲིད་པ་ཡིན།

Share this:
༡༦༡༠ ཀློག་གྲངས།