རྒྱལ་ཚོགས་ཀྱི་གཏན་འཇགས་ཞབས་སྟེགས་རག་ཐབས་བྱེད་རྒྱུ་ཡིན།

ཟླ་འདིའི་ཚེས་༨ ཉིན་སྲིད་འཛིན་ཨོ་བྷ་མ་རྒྱ་གར་གྱི་གྲོས་ཚོགས་ཁང་དུ་གདན་འདྲེན་ཞུས་ཡོད་པ་དེ་ནི། ༢༠༠༠ ལོར་ཨ་རིའི་སྲིད་ཟུར་པ་བྷིལ་ཁེ་ལིན་ཊོན་རྒྱ་གར་གྱི་གྲོས་ཚོགས་སུ་གསུང་བཤད་ལ་གདན་ཞུས་བྱས་པ་ནས། ད་ཐེངས་ཨ་རིའི་སྲིད་འཛིན་རྒྱ་གར་གྱི་གྲོས་ཚོགས་ནང་གསུང་བཤད་ལ་གདན་འདྲེན་ཞུས་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།  ཨོ་བྷ་མས་རྒྱ་གར་གྱི་གྲོས་ཚོགས་ནང་རྒྱ་གར་གྱི་མང་གཙོ་དང་ཚན་རྩལ་བཅས་ལ་བསྟོད་སྔགས་བཏང་བ་དང་ལྷན་དུ། རྒྱ་གར་གཞུང་ལ་རྒྱལ་ཚོགས་ཀྱི་གཏན་འཇགས་འཐུས་མིའི་ཞབས་སྟེགས་རག་ཐབས་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཆགས་ཡོད་པ་དང། ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་བསྒྱུར་བཅོས་བྱེད་ཐབས་དང།  རྒྱ་གར་ལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་གཏན་འཇགས་འཐུས་མིའི་ཞབས་སྟེགས་རག་ཐབས་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་ཀྱང། རྒྱ་གར་གཞུང་ལ་དེ་ལྟར་དུས་ཚོད་ཐུང་ངུ་ཞིག་གི་ནང་ཐོབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད། དང་ཐོག་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ལ་བསྒྱུར་བཅོས་གཏོང་དགོས་པ་དང་། དེ་རྗེས་གཞི་ནས་རྒྱ་གར་གྱི་འཐུས་མི་རྒྱལ་ཚོགས་ཀྱི་གཏན་འཇགས་འཐུས་མིའི་ཁོངས་སུ་ཚུད་ཐབས་བྱེད་དགོས་པས། རྒྱ་གར་གྱི་རེ་འདུན་འགྲུབ་པར་དུས་ཚོད་རིང་པོ་འགོར་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་གསར་འགྱུར་དབྱེ་ཞིབ་པ་ཚོས། ད་ལྟའི་སྐབས་རྒྱལ་ཚོགས་ཀྱི་གཏན་འཇགས་འཐུས་མིའི་ཁོངས་སུ། ཨ་རི་དང་རྒྱ་ནག ཧྥ་རན་སི། དབྱིན་ཡུལ། ཨུ་རུ་སུ་བཅས་ལྔ་ཆགས་ཀྱི་ཡོད་པས། རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་མཐའ་མའི་ཐག་གཅོད་གཏན་འཇགས་རྒྱལ་ཁབ་ལྔས་བྱེད་ཀྱི་ཡོད་པས། རྒྱལ་ཁབ་མང་པོས་རྒྱལ་ཚོགས་ཀྱི་གཏན་འཇགས་འཐུས་མིའི་ཁོངས་སུ་ཚུད་ཐབས་བྱེད་ཀྱི་ཡོད་པ་དང་། ད་ལྟའི་སྐབས་རྒྱ་གར་དང་པཱ་ཀི་སི་ཐན་གཉིས་དབར་དུས་ཡུན་རིང་པོའི་འཐབ་རྩོད་ཀྱིས། ད་དུང་ཡང་ཕྱོགས་གཉིས་ཕན་ཚུན་དགྲ་ཁ་གཏད་ལངས་རེས་བྱེད་བཞིན་ཡོད་པས། རྒྱ་གར་ལ་རྒྱལ་ཚོགས་ཀྱི་གཏན་འཇགས་འཐུས་མིའི་ཞབས་སྟེགས་ཐོབ་ཁག་པོ་ཡིན་པ་རེད། གལ་སྲིད་རྒྱ་གར་ལ་ཐོབ་པ་ཡིན་ན། ཉི་ཧོང་དང་འཇར་མན། བྷི་ར་རྫིལ་བཅས་ཀྱིས་རྒྱལ་ཚོགས་སུ་རྒྱ་གར་བཞིན་དུ་རེ་འདུན་བྱེད་ཀྱི་རེད་ཅེས་བརྗོད་མཁན་ཡོད་པ་རེད།

སྲིད་འཛིན་ཨོ་བྷ་མའི་གསུང་བཤད་གྲུབ་མཚམས་སུ། པཱ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་ཏུ། “སྐུ་ཞབས་ཨོ་བྷ་མས་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་བསྒྱུར་བཅོས་ཀྱི་སྐོར་ལ་གསུང་བཤད་གནང་སོང། པཱ་ཀི་སི་ཐན་གྱི་ངོས་ནས་ཨ་རི་གཞུང་གིས་བཟང་སྤྱོད་ལ་བརྩི་མཐོང་བྱས་ཏེ། ཕྱོགས་གཅིག་གི་གནས་སྐབས་ཙམ་གྱི་ཁེ་ཕན་གཞིར་བཞག་ནས། ཆབ་སྲིད་ཀྱི་གཡོ་རྒྱུ་འདྲ་མིན་འཁྲབ་མཚམས་འཇོག་རྒྱུར་རེ་བ་བྱེད་ཀྱི་ཡོད་པ་དང།  དེ་བཞིན་སྐུ་ཞབས་ཨོ་བྷ་མས་པཱ་ཀི་སི་ཐན་ནས་འཇིགས་སྐུལ་རིང་ལུགས་པ་ཡོང་གི་ཡོད་རེད་ཟེར་བ་དང། ཡང་པཱ་ཀི་སི་ཐན་གྱི་དཔོན་རིགས་ཚོས། འཇིགས་སྐུལ་རིང་ལུགས་པ་ཚོ་པཱ་ཀི་སི་ཐན་གྱི་ས་མཚམས་ཁག་ཏུ། བདེ་འཇགས་ལྷ་ཡུལ་ལས་སྐྱིད་པའི་ཐོག་ནས་གསོ་ཉར་བྱེད་ཀྱི་ཡོད་རེད་ཟེར་བ། རྒྱ་གར་གྱི་གྲོང་ཁྱེར་བྷང་བྷེ་ནང་གི་དྲག་སྤྱོད་དེ། པཱ་ཀི་སི་ཐན་གཞུང་གིས་དྲང་བདེན་གྱི་ཁྲིམས་གཤེར་བྱེད་དགོས་ཟེར་བ་བཅས་ནི་ནམ་ཡང་ངོས་ལེན་བྱེད་ཐབས་མེད་”ཅེས། སྲིད་འཛིན་ཨོ་བྷ་མར་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།{jcomments on}

Share this:
༢༡ ཀློག་གྲངས།