རྒྱལ་སྤྱིའི་འབྲས་ནད་ཉིན་མོ་སྲུང་བརྩི་ཞུས་སོང་། 

བོད་ཀྱི་འབྲས་ནད་ཚོགས་པས་བོད་མིའི་སྤྱི་ཚོགས་ཁྲོད་དུ་འབྲས་ནད་ཀྱི་གོ་རྟོགས་དང་བརྟག་དཔྱད་ལས་གཞི། དེ་བཞིན་ནད་པ་རྣམས་ལ་སྨན་བཅོས་དང་སྡོད་ཁང་། ཁ་ལག་སོགས་ཀྱི་མཐུན་འགྱུར་སྦྱོར་བཞིན་འདུག

ཟླ་༢ པའི་ཚེས་༤ ཉིན་ནི་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་ཡིན་པ་ལྟར། བོད་ཀྱི་འབྲས་ནད་ཚོགས་པས་དྷ་ས་མེག་གྷན་དུ། འབྲས་ནད་སྔོན་འགོག་དང་བརྟག་དཔྱད་གལ་ཆེན་དུ་བརྩིས་ནས་གོ་རྟོགས་སྤེལ་བ་དང་། འབྲས་ནད་སྔོན་འགོག་བྱེད་པའི་ཁས་ལེན་གྱི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་སོང་། དེ་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ། དེ་བཞིན་སྤྱི་འཐུས་ཁག་ཅིག་དང་ས་གནས་འགོ་འཛིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་མི་མང་འདྲ་མིན་སོགས་ཕེབས་ནས། རས་བྱང་ཐོག་ཏུ་མཚན་རྟགས་བཀོད་སོང་།

བོད་ཀྱི་འབྲས་ནད་ཚོགས་པ་གསར་འཛུགས་བྱེད་མཁན་དང་ཚོགས་གཙོ་ཚུལ་ཁྲིམས་རྡོ་རྗེ་ལ་ལས་འགུལ་དང་འབྲེལ་བའི་བཅར་འདྲི་བྱེད་སྐབས། ཁོང་གིས་དེ་རིང་ནི་རྒྱལ་སྤྱིའི་འབྲས་ནད་ཉིན་མོ་ཡིན་པས། རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱི་ཚོགས་མི་ཡོད་པའི་རྒྱལ་ཁབ་༡༠༠ ལས་མང་བའི་ནང་དུ་ཉིན་མོ་འདི་སྲུང་བརྩི་བྱེད་བཞིན་ཡོད་པ་རེད། དེ་ཡང་ད་ལྟའི་ཆར་འབྲས་ནད་འདི་འཛམ་གླིང་ནང་མི་གྲོང་རྐྱེན་མང་ཤོས་ཀྱི་ན་ཚ་ཨང་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། མ་འོངས་པར་ཨང་དང་པོ་ཆགས་ཉེན་ཡོད་པས། འབྲས་ནད་རྐྱེན་གྱིས་གྲོངས་བའི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ད་ལྟ་ན་ཚ་འདི་ཡོད་མཁན་དང་སྨན་བཅོས་འགྲོ་བཞིན་པའི་ནད་པ་རྣམས་ལ་རྒྱབ་སྐྱོར་དང་སེམས་ཤུགས་སྤོར་ཆེད། དེ་བཞིན་མི་མང་རྣམས་ལ་གལ་ཆེན་གྱི་འབྲས་ནད་སྔོན་འགོག་དང་བརྟག་དཔྱད་ཀྱི་ཐོག་གོ་རྟོགས་སྤེལ་ཆེད་དུ། མཚན་རྟགས་བསྡུ་རུབ་དང་གོ་རྟོགས་སྤེལ་བའི་ལས་གཞི་འདི་སྤེལ་བཞིན་ཡོད་སྐོར་གསུངས་སོང་།

དེ་བཞིན་ཁོང་ལ་བཅར་འདྲི་བྱས་པ་བརྒྱུད། བོད་ཀྱི་འབྲས་ནད་ཚོགས་པ་ནས་བོད་མིའི་གཞིས་སྒར་ཁག་ཏུ་འབྲས་ནད་སྔོན་འགོག་གི་གོ་རྟོགས་སྤེལ་ཆེད་དུ་ཆེད་ལས་པ་གདན་ཞུ་དང་། རིན་མེད་བརྟག་དཔྱད་ལས་གཞི་སོགས་སྤེལ་བཞིན་ཡོད་ཁར། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་བྱམས་བརྩེའི་ཁང་པ་ཞེས་པ་གཡར་ནས། བོད་མི་འབྲས་ནད་ན་མཁན་རྣམས་ལ་སྡོད་ཁང་དང་ཁ་ལག་གི་མཐུན་རྐྱེན་སྦྱོར་བཞིན་ཡོད་ཁར། གྲོང་ཁྱེར་དེའི་ནང་རྒྱ་གར་གཞུང་གི་སྨན་ཁང་ནང་དུ་རིན་མེད་སྨན་བཅོས་ཀྱི་མཐུན་རྐྱེན་ལེན་པར་རོགས་རམ་བྱེད་ཀྱི་ཡོད་འདུག 

བྱམས་བརྩེ་ཁང་པ་དེའི་ནང་ནད་པ་རྣམས་ལ་དཔལ་འབྱོར་གྱི་གནས་བབ་ཡག་པོ་ཡོད་ཚེ། ཉིན་རེར་སྒོར་༡༠༠ རེ་དང་ཟླ་བ་གཅིག་སྡོད་མཁན་ཡིན་ཚེ་ཉིན་རེར་ཧིན་སྒོར་༥༠ རེ་སྤྲད་ན་འགྲིག་གི་ཡོད་འདུག གལ་ཏེ་དཔལ་འབྱོར་གྱི་གནས་བབ་ཡག་པོ་མེད་ཚེ་རིན་མེད་ཐོག་སྡོད་ཁང་དང་ཁ་ལག་གི་མཐུན་རྐྱེན་བསྐྲུན་གྱི་ཡོད་འདུག དེ་བཞིན་རེས་གཟའ་ཉི་མ་ནམ་ཡིན་ལ་ཕྱི་ལོགས་སུ་སྤྲོ་འཆམ་དུ་འཁྲིད་པ་སོགས་བྱེད་ཀྱི་ཡོད་འདུག་པ་དང་། ད་ལྟའི་ཆར་སྨན་བཅོས་འོག་འགྲོ་བཞིན་པའི་བོད་མི་འབྲས་ནད་ན་མཁན་ལྔ་དྲུག་གཅིག་བྱམས་བརྩེ་ཁང་པར་གནས་སྡོད་བྱེད་བཞིན་ཡོད་ཁར། ཁང་པ་དེའི་ནང་ནད་པ་ཕན་ཚུན་ངོ་ཤེས་དང་ཉམས་མྱོང་བརྗེ་རེས་སོགས་བྱེད་ཡུལ་ཞིག་ཆགས་ཡོད་སྐོར་ཁོང་གིས་འགྲེལ་བརྗོད་གནང་སོང་།

 ཚོགས་པའི་འགྲོ་སོང་དང་བྱམས་བརྩེ་ཁང་པ་དང་ནད་པ་རྣམས་ལྟ་རྟོག་སོགས་ཀྱི་འགྲོ་སོང་ཐད་ཀ་ལུ་རིན་པོ་ཆེའི་མཐུན་སྦྱོར་ཆེན་པོ་བྱེད་བཞིན་འདུག་པ་དང་། བོད་ཀྱི་ཐེབས་རྩ་ཁང་གིས་ཀྱང་མཐུན་སྦྱོར་བྱེད་བཞིན་འདུག དེ་བཞིན་ལས་གཞི་འདྲ་མིན་གྱི་ཆེད་དུ་བོད་མིའི་མགྲོན་ཁང་དང་འགྲིམ་འགྲུལ་ལས་ཁང་དང་བོད་མི་སྒེར་པ་སོགས་ཀྱིས་ཀྱང་མཐུན་སྦྱོར་བྱེད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:
༢༨༠ ཀློག་གྲངས།