སིང་གྷ་ལའི་རང་བཙན་ཉིན་མོར་ཏཱ་མིལ་སྐད་ཡིག་རྩིས་མེད་བཏང་འདུག

ནང་པ་མང་ཤོས་ཡིན་པའི་སིང་གྷ་ལ་རྒྱལ་ཁབ་ཀྱི་རང་བཙན་ཉིན་མོའི་སྲུང་བརྩིའི་སྐབས་སུ། སྔོན་མ་དང་མི་འདྲ་བར་གྲངས་ཉུང་མི་རིགས་ཆེ་ཤོས་ཏཱ་མིལ་མི་རིགས་ཀྱི་སྐད་ཡིག་ཐོག་ནས་རྒྱལ་གླུ་བཏང་མེད་པ་རེད་འདུག བྱ་སྤྱོད་དེས་སྲིད་གཞུང་གསར་བའི་གཞུང་འཛིན་སྲིད་བྱུས་མཚོན་ཐུབ་ཀྱི་ཡོད་མེད་བརྗོད་དཀའ་ཡང་། གྲངས་ཉུང་མི་རིགས་ཚོར་བརྡ་ལན་ཡག་པོ་ཞིག་སྤྲད་མེད་པ་རེད་འདུག

ཟླ་༢ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༢ པའི་ཚེས་༤ ཉིན་སིང་གྷ་ལ་རྒྱལ་ཁབ་དེ་དབྱིན་ཡུལ་གྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་ནས་ལོ་ངོ་༧༢ འཁོར་བའི་ཉིན་མོར། རྒྱལ་ས་ཀཱོ་ལོམ་བྷོར་དམག་གི་རུ་སྒྲིག་དང་རིག་གཞུང་འཁྲབ་སྟོན་སོགས་བྱས་ནས་ཉིན་མོ་དེ་སྲུང་བརྩི་བྱས་འདུག་པ་དང་། སྐབས་སྔོན་མའི་སྲིད་གཞུང་སྐབས་སུ་ཉིན་དེར་མི་རིགས་དབར་མཐུན་སྒྲིལ་དང་ཞི་བདེ་ཡོང་ཆེད་དུ། རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པའི་སྐབས་སུ་སིང་གྷ་ལའི་སྐད་ཡིག་དང་ཏཱ་མིལ་སྐད་ཡིག་གཉིས་ཀ་ཐོག་ནས་རྒྱལ་གླུ་བླངས་སྲོལ་ཡོད་ཀྱང་། ཐེངས་འདིར་སིང་གྷ་ལའི་སྐད་ཡིག་ཐོག་ནས་རྒྱལ་གླུ་བླངས་པ་ལས། ཏཱ་མིལ་སྐད་ཡིག་ཐོག་ནས་རྒྱལ་བླུ་བླངས་མེད་པ་རེད་འདུག དེ་ཡང་སྐབས་སྔོན་མའི་སྲིད་གཞུང་སྐབས་སུ་ཡང་ཏཱ་མིལ་སྐད་ཡིག་ཐོག་ནས་རྒྱལ་བླུ་བླངས་བར་དགག་བྱ་བྱེད་མཁན་ད་ལྟའི་སྲིད་འཛིན་གྱི་རྒྱབ་སྐྱོར་བ་ནང་པ་མཁྲེགས་འཛིན་ཅན་མང་པོ་བྱུང་ཡོད་ཀྱང་། ལུགས་སྲོལ་དེ་མུ་མཐུད་རྒྱུན་སྐྱོང་བྱས་ཡོད་འདུག འོན་ཀྱང་སྲིད་གཞུང་གསར་པས་ལུགས་སྲོལ་དུ་རྩིས་མེད་དུ་བཏང་འདུག

ཕྱི་ལོ་༢༠༡༩ ལོའི་ཟླ་༡༡ པའི་ཚེས་༡༦ ཉིན་སིང་གྷ་ལར་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། འོས་འཕེན་པའི་ཆ་རྐྱེན་ཚང་མཁན་མི་མང་བརྒྱ་ཆ་༨༣.༧ གྱིས་འོས་འཕངས་ནས། མཐའ་མའི་གྲུབ་དོན་དུ་ཕྱི་ལོ་༢༠༠༥ ནས་༢༠༡༥ བར་རྒྱལ་ཁབ་དེའི་བདེ་སྲུང་བློན་ཆེན་གྱི་ལས་ཁུར་བྱེད་མྱོང་མཁན་རང་ལོ་༧༠ ཡིན་པ་གྷོ་ཏ་བྷ་ཡ་རཱ་ཇཱ་པཀ་ས་(Gotabaya Rajapaksa) ལ། འོས་གྲངས་བརྒྱ་ཆ་༥༢.༢༥ ཐོབ་ནས་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག ཁོང་ནི་ཕྱི་ལོ་༢༠༠༩ ལོར་སིང་གྷ་ལ་ནང་དུ་ཏཱ་མིལ་མི་རིགས་ཀྱི་ཁ་བྲལ་གྱེན་ལངས་རུ་ཁག་ལ་ཕམ་ཁ་བཟོ་མཁན་གྱི་བདེ་སྲུང་བློན་ཆེན་ཡིན་པ་དང་། སྐབས་དེའི་སྲིད་འཛིན་ནི་ཁོང་གི་གཅེན་པོ་ཡིན་འདུག སིང་གྷ་ལའི་ནང་གི་ཏཱ་མིལ་མི་རིགས་དང་གྲངས་ཉུང་མི་རིགས་གཞན་ཚོས། ཁོང་གཉིས་ལ་ལྟ་ཚུལ་བཟང་པོ་མེད་འདུག ལོ་ངོ་བཅུ་ཕྲག་གི་ཏཱ་མིལ་མི་རིགས་ཀྱི་གྱེན་ལངས་དམག་འཁྲུག་ནང་མི་མང་ཉུང་མཐར་འབུམ་༡ གི་ཚེ་སྲོག་ཤོར་ཡོད་པར་ངོས་འཛིན་བྱེད་ཡོད་པ་དང་། དེ་བཞིན་ཁོང་བདེ་སྲུང་བློན་ཆེན་ཡིན་པའི་སྐབས་སུ་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གསར་འགོད་པ་ཁག་ཅིག་བཙན་ཁྲིད་བྱས་ནས་མནར་གཅོད་འོག་བསད་ཡོད་པ་དང་། ཏཱ་མིལ་མི་རིགས་གཙོ་བོར་གྱུར་བའི་མི་མང་སྟོང་ཕྲག་མང་པོ་གར་སོང་ཆ་མེད་ཆགས་ཡོད་པས། དེ་དག་བཙན་དབང་ཐོག་ནས་བསད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་འོས་བསྡུར་འདེམས་ཐོན་སྲིད་འཛིན་ལ་འོས་ཤོག་འཕེན་མཁན་མང་ཤོས་ནི་ནང་པ་གནས་སྡོད་བྱེད་ཡུལ་ཁག་ནས་བྱུང་འདུག་པ་དང་། གྲངས་ཉུང་མི་རིགས་ཚོས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་འདུག

ཐེངས་འདིའི་རང་བཙན་ཉིན་མོར་གཞུང་འབྲེལ་གྱི་མཛད་སྒོའི་སྐབས་སུ། ཏཱ་མིལ་སྐད་ཡིག་ཐོག་ནས་རྒྱལ་གླུ་བླངས་མེད་པས། ས་གནས་གཞན་ཞིག་ཏུ་ནང་པ་དང་ཏཱ་མིལ་མི་རིགས་གཉིས་ཀ་ཡོད་པའི་ལས་འགུལ་བའི་རུ་ཁག་གཅིག་འཛོམས་ནས། ཏཱ་མིལ་མི་རིགས་ལ་རྒྱབ་སྐྱོར་མཚོན་ཆེད་དུ་སྐད་ཡིག་གཉིས་ཀ་ཐོག་ནས་རྒྱལ་བླུ་བླངས་ཡོད་པ་རེད་འདུག

ཕྱི་ལོ་༢༠༠༩ ལོར་སིང་གྷ་ལ་ནང་དུ་ཏཱ་མིལ་མི་རིགས་ཀྱི་གྱེན་ལངས་དམག་འཁྲུག་མཇུག་བསྒྲིལ་འདུག་པ་དང་། ༢༠༡༦ ལོ་ནས་མི་རིགས་འཆམ་མཐུན་དང་འགྲིག་འཇགས་ཡོང་ཆེད་དུ་རང་བཙན་ཉིན་མོའི་མཛད་སྒོའི་སྐབས་སུ་ཏཱ་མིལ་སྐད་ཡིག་ཐོག་ནས་རྒྱལ་གླུ་ཐོག་མར་བླངས་ཡོད་པ་རེད་འདུག ཐེངས་འདིར་སྲིད་གཞུང་གསར་པའི་བྱེད་ལས་ལ་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་སྒེར་གྱི་བརྒྱུད་ལམ་ཁག་སོགས་ནས་སྐྱོན་བརྗོད་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༦༡༣ ཀློག་གྲངས།