རྡ་སར་ཡོང་མཁན་གྱི་ཡུལ་སྐོར་བ་ཚོའི་ཉེ་ཆར་གྱིའགྲུལ་བཞུད་ལོ་རྒྱུས་ཡར་ཞུ་དགོས་པའི་སྒྲིག་ལམ།

ཏོག་དབྱིབས་རིམས་ནད་ཀྱི་འཇིགས་སྣང་ལ་བརྟེན་ནས། རྡ་སར་ཡོང་མཁན་གྱི་ཡུལ་སྐོར་བ་རྣམས་ལ་སོ་སོའི་ཉེ་བའི་འགྲུལ་བཞུད་ཀྱི་ལོ་རྒྱུས་དེ་འབྲེལ་ཡོད་ལ་བཤད་དགོས་པའི་སྒྲིག་ཁྲིམས་གསར་པ་ཞིག་བཞག་ཡོད་འདུག 

དེ་ཡང་ཟླ་འདིའི་ཚེས་ ༤ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཏོག་དབྱིབས་རིམས་ནད་གོ་ལའི་ས་ཕྱོགས་གང་སར་མྱུར་ཚད་ཆེན་པོས་ཁྱབ་བཞིན་པར་བརྟེན། རྡ་སར་ཡོང་མཁན་གྱི་ཡུལ་སྐོར་བ་ཚོར་སོ་སོའི་འགྲུལ་བཞུད་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་ཉེ་བའི་ཆར་རྒྱ་ནག་དང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་ཕྱིན་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་རྣམས་འབྲེལ་ཡོད་ལ་ཅིས་ཀྱང་བརྗོད་དགོས་པའི་སྒྲིག་ལམ་གསར་པ་ཞིག་བཞག་ཡོད་འདུག 

ཡུལ་སྐོར་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་སུའུ་ནན-ཤར་མ་(Sunaina Sharma)ཡིས་ཡུལ་སྐོར་བ་རྣམས་ལ་ཁོ་ཚོའི་བདེ་ཐང་དང་། ཉེ་བའི་ཉིན་བཅུ་བཞིའི་འགྲུལ་བཞུད་ཀྱི་ལོ་རྒྱུས་སྐོར་ལ་འདྲི་རྩད་གཅོད་པའི་སྒྲིག་ལམ་འདི་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པ་ཡིན་ཚུལ་བརྗོད་པའི་ཐོག “ཡུལ་སྐོར་བ་ཚོས་ངེས་པར་དུ་ཉེ་ཆར་རྒྱ་ནག་གམ་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་གཞན་དུ་ཕྱིན་ཡོད་མེད་ཀྱི་གནས་ཚུལ་བཤད་དགོས་ལ། གལ་སྲིད་ཡུལ་སྐོར་བ་ཚོར་ཚ་བ་རྒྱས་པ་དང་། གློ་རྒྱག་པ། གློ་ཚད་ཀྱི་དཀའ་ངལ་འཕྲད་པ་བཅས་བྱུང་ན། ངེས་པར་དུ་སྨན་ཁང་ལ་ཡར་ཞུ་བྱེད་དགོས”ཞེས་བསྣན་ཡོད་འདུག 

གཞན་ཡང་། ཧི་མཱ་ཅལ་མངའ་སྡེའི་ནང་རྒྱ་ནག་དང་རིམས་ནད་ཁྱབ་པའི་རྒྱལ་ཁབ་གཞན་ནས་ཕྱིར་ལོག་བྱས་པའི་འགྲུལ་བ་ ༡༤༥ ཙམ་ལ་དོགས་ཟོན་གྱིས་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་འདུག་ཅིང་། མི་རྣམས་ལ་གལ་སྲིད་ཕྱི་ཟླ་ ༡ ཚེས་ ༡༥ རྗེས་སུ་ནད་ཡམས་ཁྱབ་པའི་རྒྱལ་ཁབ་དག་ནས་ནང་མི་ཕྱིར་ལོག་བྱས་པ་ཡོད་ན། ཨང་གྲངས་ ༡༠༤ ལ་འབྲེལ་གཏུག་གིས་ཡར་ཞུ་བྱེད་དགོས་པའི་སྐུལ་མ་ཡང་བཏང་ཡོད་འདུག 

རྡ་ས་ནི་༧རྒྱལ་བ་རིན་པོ་ཆེའི་བཞུགས་སྒར་དང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་རྟེན་གནས་ཡིན་པས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་དད་ལྡན་མི་མང་དང་ཡུལ་སྐོར་བ་རྣམས་འདུ་འཛོམས་བྱེད་སའི་གནས་ཤིག་ཡིན་པར་བརྟེན། འབྲེལ་ཡོད་འཕྲོད་བསྟེན་ཚན་པ་ཁག་ནས་དམིགས་བསལ་གྱི་དོ་ཁུར་བྱེད་བཞིན་ཡོད་འདུག་ཅིང་། གོང་གི་བཀའ་རྒྱ་དེ་རྡ་སའི་འགྲོན་ཁང་དང་། འགྲུལ་ཁང་། གནས་ཁང་ཚང་མ་ལ་བཏང་ཡོད་འདུག  

དེ་མིན་ད་དུང་རིམས་ནད་འདིའི་དབང་གིས་༧རྒྱལ་བ་རིན་པོ་ཆེས་རེ་ཞིག་གཟིམ་ཆུང་མཇལ་ཁ་གནང་མཚམས་ཀྱང་བཞག་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Share this:
༦༧༩ ཀློག་གྲངས།