གྲོས་ཚོགས་གོང་མས་སྲིད་འཛིན་ཊོམ་ལ་ནག་ཉེས་མེད་པའི་ཐག་གཅོད་བྱས་འདུག

སྤྱི་མཐུན་ཚོགས་པའི་ཚོགས་མི་མང་ཆེ་བ་ཡོད་པས་ཨ་རིའི་གྲོས་ཚོགས་གོང་མའི་ནང་འོས་བསྡུ་བྱས་ཏེ། སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཀྱི་དོན་ཚན་གཉིས་ཀའི་ཐོག་ནག་ཉེས་མེད་པའི་ཐག་གཅོད་བྱས་འདུག་པ་དང་། ཟླ་བ་༤ ལྷག་རིང་སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཀྱི་ལས་དོན་དེ་གཞུང་འབྲེལ་ཐོག་ནས་མཇུག་བསྒྲིལ་ཡོད་ཁར། ཊོམ་གནས་དབྱུང་བཏང་ཐུབ་མེད་པས་མང་གཙོ་ཚོགས་པའི་མངོན་འདོད་གྲུབ་མེད་པ་རེད་དེ། འོས་བསྡུ་སླེབས་ལ་ཉེ་བས་ཕྱོགས་ཁག་ཚང་མས་ལས་དོན་དེར་ཤུགས་སྣོན་རྒྱག་པའི་དུས་ལ་སླེབས་ཡོད་པ་རེད།

ཟླ་༢ པའི་ཚེས་༥ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ། སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཀྱི་ཉན་ཞིབ་ལས་དོན་མཐའ་མ་སྟེ་ནག་ཉེས་ཡོད་མེད་ཐད་འོས་བསྡུ་བྱས་ཡོད་པ་རེད། སྐབས་དེར་ཊོམ་ལ་ཉེས་འཛུགས་དོན་ཚན་དང་པོ་སྟེ་དབང་ཆ་ལོག་སྤྱོད་བྱས་ཡོད་པའི་ཐད། གྲོས་ཚོགས་འཐུས་མི་༥༢ ཀྱིས་ནག་ཉེས་མེད་པའི་འོས་ཤོག་འཕངས་ཡོད་པ་དང་། ༤༨ ཀྱིས་ནག་ཉེས་ཡོད་པའི་འོས་ཤོག་འཕངས་འདུག་པས། ནག་ཉེས་བསགས་ཡོད་པའི་ཐག་གཅོད་བྱེད་པར་དགོས་ངེས་ཀྱི་འོས་ཤོག་གསུམ་ཆ་གཉིས་མ་ལོན་ནས་དབང་ཆ་ལོག་སྤྱོད་བྱས་མེད་པ་ཐག་གཅོད་བྱས་འདུག ཉེས་འཛུགས་དོན་ཚན་དེར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མིའི་ཁོངས་ནས་རཱོམ་ནཱི་གཅིག་པུས་སྲིད་འཛིན་ཊོམ་ལ་ནག་ཉེས་ཡོད་པའི་འོས་ཤོག་འཕངས་ཏེ། རང་གི་སྲིད་དོན་ཚོགས་པ་དང་རྒྱབ་འགལ་ཕྱིན་ཡོད་པས། གླེང་སློང་གི་གནད་དོན་ཆེན་པོ་ཆགས་འདུག

ཉེས་འཛུགས་དོན་ཚན་གཉིས་པ་སྟེ་གྲོས་ཚོགས་ཀྱི་ལས་དོན་བཀག་འགོག་བྱས་ཡོད་པའི་ཐད། གྲོས་ཚོགས་འཐུས་མི་༥༣ གྱིས་ནག་ཉེས་མེད་པའི་འོས་ཤོག་འཕངས་འདུག་པ་དང་། ༤༧ ཀྱིས་ནག་ཉེས་ཡོད་པའི་འོས་ཤོག་འཕངས་འདུག་པས། དགོས་ངེས་ཀྱི་གྲངས་ཀ་མ་ལོན་པས་ཊོམ་ལ་ནག་ཉེས་མེད་པའི་ཐག་གཅོད་བྱུང་ནས། མཐའ་དོན་དེར་སྲིད་འཛིན་ཊོམ་ལ་ནག་ཉེས་གང་ཡང་མེད་པའི་ཐག་གཅོད་བྱུང་ནས་རྒྱལ་ཁ་ཐོབ་ཡོད་པ་རེད། དེ་ཡང་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་༥༣ དང་མང་གཙོ་ཚོགས་པའི་འཐུས་མི་༤༥། རང་དབང་ཅན་གྱི་གྲོས་ཚོགས་འཐུས་མི་༢ བཅས་ཡོད་པས། ཐེངས་འདིའི་འོས་བསྡུའི་སྐབས་སུ། ཉེས་འཛུགས་དོན་ཚན་དང་པོ་དེར་སྤྱི་མཐུན་ཚོགས་པའི་འཐུས་མི་གཅིག་གིས་མང་གཙོ་ཚོགས་པ་དང་མཉམ་དུ་འོས་ཤོག་འཕངས་པ་ལས། གཞན་དོན་ཚན་གཉིས་ཀར་སྲིད་དོན་ཚོགས་པ་གཉིས་པོའི་འཐུས་མི་ཚོས། སྲིད་དོན་ཚོགས་པའི་ལངས་ཕྱོགས་ལྟར་འོས་ཤོག་འཕངས་ནས། གནད་དོན་དེའི་ཐད་འགལ་ཟླ་ཆེན་པོ་ཡོད་པ་གསལ་པོ་ཆགས་འདུག རང་དབང་ཅན་གྱི་གྲོས་ཚོགས་འཐུས་མི་དེ་གཉིས་ནི་མང་གཙོ་ཚོགས་པར་རྒྱབ་སྐྱོར་བྱེད་ངེས་ཡིན་པའི་ཚོད་དཔག་དེ་སྔོན་ནས་བྱས་ཡོད་པ་རེད།

སྲིད་འཛིན་ཊོམ་གྱིས་ཐོག་དང་པོ་ནས་རང་ཉིད་ལ་ནག་ཉེས་མེད་པ་དང་། ཉེས་འཛུགས་ཀྱི་ལས་དོན་དེ་ནི་མང་གཙོ་ཚོགས་པས་མི་མང་མགོ་སྐོར་གཏོང་ཆེད་ཀྱི་ལས་དོན་ཞིག་ཡིན་པ་ནན་བརྗོད་བྱེད་བཞིན་ཡོད་པ་རེད་ལ། གྲོས་ཚོགས་གོང་མས་ནས་སྲིད་འཛིན་ཊོམ་ལ་ནག་ཉེས་མེད་པ་ཐག་གཅོད་བྱས་རྗེས། ཁོང་གིས་སྤྱི་ཚོགས་དྲ་ལམ་ཏུ་གཡོ་སྒྱུ་ཅན་གྱི་ཉེས་འཛུགས་ལས་དོན་ནས་ཨ་རིའི་རྒྱལ་ཁབ་རྒྱལ་ཁ་ཐོབ་པའི་ཐོག་རྗེས་སུ་གཏམ་བཤད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན་ཨ་རིའི་གཞུང་གི་གསར་འགོད་དྲུང་ཆེ་ཡིས་སྤྱི་ཚོགས་དྲ་ལམ་ཐོག་ཏུ། མང་གཙོ་ཚོགས་པའི་དྲང་བདེན་མེད་པའི་ཉེས་འཛུགས་ཀྱི་ལས་དོན་དེའི་གྲུབ་དོན་དུ། སྲིད་འཛིན་ཊོམ་ལ་ནག་ཉེས་གང་ཡང་མེད་པ་ར་སྤྲོད་བྱུང་ཡོད་པ་རེད་ཅེས་བཀོད་འདུག

སྤྱི་མཐུན་ཚོགས་པའི་འཐུས་མི་ཁག་ཅིག་གིས་སྲིད་འཛིན་ཊོམ་ལ་ཉེས་འཛུགས་ཀྱི་ལས་དོན་ཆ་ཚང་ནི་འཁྲབ་སྟོན་ཞིག་ཡིན་པ་དང་། ཆབ་སྲིད་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ། སྲིད་འཛིན་ཊོམ་གནས་དབྱུང་གཏོང་ཆེད་དུ་བཟོས་པའི་གཡོ་སྒྱུ་ཅན་གྱི་ཐབས་བྱུས་ཞིག་ཡིན་སྐོར་སོགས་བརྗོད་འདུག མང་གཙོ་ཚོགས་པའི་འཐུས་མི་ཁག་ཅིག་གིས་སྲིད་འཛིན་ཊོམ་ནི་མུ་མཐུད་ནས་ཨ་རིའི་མང་གཙོ་ལ་ཉེན་ཁ་ཞིག་ཏུ་གནས་ཡོད་པ་དང་། སྤྱི་མཐུན་ཚོགས་པས་སྲིད་འཛིན་ཊོམ་ལ་ནག་ཉེས་མེད་པའི་འོས་ཤོག་འཕངས་ནས། ཁྲིམས་མེད་ལུགས་མེད་ཀྱི་བྱེད་སྟངས་དེར་རྒྱབ་སྐྱོར་དང་ལུགས་མཐུན་བཟོས་ཡོད་པའི་སྐྱོན་བརྗོད་བྱས་འདུག

མང་གཙོ་ཚོགས་པའི་འཐུས་མི་མང་ཆེ་བ་ཡོད་པས་གྲོས་ཚོགས་འོག་མ་ནས། སྲིད་འཛིན་ཊོམ་ལ་དོན་ཚན་གཉིས་ཀྱི་ཐོག་ལ་ཉེས་འཛུགས་བྱས་ཡོད་ཀྱང་། མི་རིགས་དཀར་པོ་རིང་ལུགས་པ་དང་། གྲོང་གསེབ་ཁུལ་དུ་སྡོད་མཁན་མི་མང་། ཡེ་ཤུའི་ཆོས་ལུགས་ཀྱི་རྙེང་ཞེན་རིང་ལུགས་པ་སོགས་ཀྱི་ཁོངས་ནས་ཁོང་ལ་རྒྱབ་སྐྱོར་མུ་མཐུད་ནས་ཆེན་པོ་བྱེད་བཞིན་འདུག་པས། འདི་ལོའི་ཟླ་༡༡ པའི་སྲིད་འཛིན་འོས་བསྡུར་ཁོང་ལ་རྒྱལ་ཁ་ཐོབ་པའི་རེ་བ་ད་དུང་ཡང་ཡོད་པ་རེད་འདུག

ཊོམ་ལ་ཉེས་འཛུགས་ཀྱི་ལས་དོན་དེ་ལོ་སྔོན་མའི་ཟླ་༩ པ་ནས་འགོ་བཙུགས་ཡོད་པ་དང་། ཟླ་༡༢ པའི་ཚེས་༡༨ ཉིན་གྲོས་ཚོགས་འོག་མའི་ནང་སྲིད་འཛིན་ཊོམ་ལ་ཉེས་འཛུགས་བྱེད་པའི་དོན་ཚན་གཉིས་ཐོག་བགྲོ་གླེང་དང་འོས་བསྡུ་བྱས་ཡོད་པ་རེད། ཉེས་འཛུགས་ཀྱི་དོན་ཚན་དང་པོ་ནི་དབང་ཆ་ལོག་སྤྱོད་ཡིན་པ་དང་། དེ་ཡང་སྲིད་འཛིན་ཊོམ་གྱིས་ཡུག་ཀེ་རན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་སྒེར་དང་འབྲེལ་ཡོད་བརྒྱུད་ནས། ཨ་རིའི་སྲིད་འཛིན་ཟུར་པ་དང་ཕྱི་ལོ་༢༠༢༠ ལོའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་ཇཱོ་བྷེ་ཌན་ནག་པོ་བཟོ་ཆེད་དང་། འོས་བསྡུར་ཤུགས་རྐྱེན་སྤྲོད་ཆེད་དུ། ཡུག་ཀེ་རན་ནང་ཁོང་དང་ཁོང་གི་བུ་འབྲེལ་བའི་ལྐོག་ཟ་རུལ་སུངས་རྟོག་ཞིབ་ཀྱི་ལས་དོན་འགོ་འཛུགས་དགོས་པ་དང་དེ་ཡོངས་གྲགས་བཟོ་དགོས་པའི་གནོན་ཤུགས་སྤྲད་ཡོད་པ། དེ་བཞིན་ཕྱི་ལོ་༢༠༡༦ ལོའི་ཨ་རིའི་འོས་བསྡུར་ཨུ་རུ་སུ་མིན་པར་ཡུག་ཀེ་རན་གྱིས་ཐེ་བྱུས་བྱས་པའི་འདོད་ཚུལ་དེར་རྟོག་ཞིབ་གསལ་བསྒྲགས་ཀྱང་བྱས་དགོས་ཚུལ་བརྗོད་ཡོད་པ། དེ་ཡང་གནོན་ཤུགས་སྤྲོད་ཆེད་དུ་ཨ་རིའི་གྲོས་ཚོགས་ནས་ཡུག་ཀེ་རན་ལ་ཨུ་རུ་སུའི་བཙན་འཛུལ་དང་དྲག་རྒོལ་ལ་ཁ་གཏད་གཅོག་ཆེད་དུ། བདེ་སྲུང་རོགས་དངུལ་ཨ་སྒོར་ས་ཡ་༣༩༡ སྤྲོད་རྒྱུ་རྒྱབ་སྐྱོར་ཐོབ་པ་དེ་གནས་སྐབས་བཀག་འགོག་བྱས་ཡོད་པ་དང་། དེ་བཞིན་གལ་ཏེ་ཊོམ་གྱི་རེ་བ་སྒྲུབ་ཚེ་གཞུང་འབྲེལ་ཐོག་ནས་ཕྱོགས་གཉིས་བར་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་ནས། ཨ་རིའི་རྒྱབ་སྐྱོར་གྱི་རྣམ་པ་སྟོན་རྒྱུ་བྱས་ཡོད་པ་དང་།  སྲིད་འཛིན་ཊོམ་གྱི་བྱེད་སྟངས་དེས་སྲིད་འཛིན་ལས་ཁུངས་ལ་ཡོད་པའི་དབང་ཆ་ལོག་སྤྱོད་བྱས་ཡོད་པ་མ་ཟད། རྩ་ཁྲིམས་ལ་རྩིས་མེད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་རྩིས་མེད་དང་ཉེན་ཁ་བཟོས་པ། དེ་བཞིན་ཨ་རིའི་མང་གཙོའི་ལམ་ལུགས་རྡོག་རོལ་གཏོང་ཆེད་དུ་དབང་ཆ་བེད་ལོག་བྱས་ཏེ། ཕྱིའི་རྒྱལ་ཁབ་ཀྱི་རོགས་པ་སློང་ཡོད་པས། རྒྱལ་ཁབ་བཙོང་བ་ལས་དོན་ལ་འཇུག་པ་ཡོད་པའི་ཉེས་འཛུགས་བྱས་ཡོད་པས། ཉེས་འཛུགས་དོན་ཚན་དེར་གྲོས་ཚོགས་འཐུས་མི་༢༣༠ ཡིས་རྒྱབ་སྐྱོར་བྱས་འདུག་པ་དང་། ༡༩༧ གྱིས་དགག་བྱ་བྱས་འདུག

དེ་བཞིན་ཉེས་འཛུགས་དོན་ཚན་གཉིས་པ་ནི་གྲོས་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་བཟོས་པ་སྟེ། གྲོས་ཚོགས་འོག་མས་སྲིད་འཛིན་ཊོམ་གྱི་ཉེས་འཛུགས་ལས་དོན་ཆེད་དུ། སྲིད་འཛིན་ཊོམ་དང་སྲིད་གཞུང་། འབྲེལ་ཡོད་དཔོན་རིགས། དེ་བཞིན་ལས་བྱེད་ཟུར་པ་སོགས་གྲོས་ཚོགས་ཁང་དུ་ཉན་ཞིབ་ཆེད་དུ་འབོད་འགུག་དང་། ཡིག་ཆ་མཁོ་སྤྲོད་དགོས་པའི་བཀའ་ཁྱབ་བཏང་བར། སྲིད་འཛིན་ཊོམ་གྱིས་ཨ་རིའི་གཞུང་དང་འབྲེལ་ཡོད་ལས་ཁུངས། དེ་བཞིན་ད་ཡོད་དང་ལས་བྱེད་ཟུར་པ་རྣམས་ལ། གྲོས་ཚོགས་འོག་མའི་འབོད་འགུག་བཀའ་ཁྱབ་ལ་རྩིས་མེད་བྱེད་དགོས་པའི་བཀའ་བཏང་བར་བརྟེན། གཞུང་དང་ལས་བྱེད་༩ ཡིས་གྲོས་ཚོགས་འོག་མར་རྩིས་མེད་ཀྱིས་ཉན་ཞིབ་ལ་སླེབས་མེད་པས། སྲིད་འཛིན་ཊོམ་གྱི་བྱེད་སྟངས་དེས་དབང་ཆ་ལོག་སྤྱོད་དང་། རྩ་ཁྲིམས་དང་མི་མང་ལ་རྒྱབ་འགལ་སོང་བ། གྲོས་ཚོགས་ལ་རྩིས་མེད་དང་གྲོས་ཚོགས་ཀྱི་ལས་དོན་འགོག་རྐྱེན་བཟོས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། དོན་ཚན་དེར་གྲོས་ཚོགས་འཐུས་མི་༢༢༩ ཡིས་རྒྱབ་སྐྱོར་དང་༡༩༨ ཀྱིས་དགག་བྱ་བྱས་ནས། ཉེས་འཛུགས་ཀྱི་དོན་ཚན་གཉིས་ཀར་མང་མོས་རྒྱབ་སྐྱོར་ཐོབ་ནས། སྲིད་འཛིན་ཊོམ་ལ་གྲོས་ཚོགས་འོག་མ་ནས་དངོས་སུ་ཉེས་འཛུགས་བྱས་ཡོད་པ་རེད།

ཉེས་འཛུགས་དངོས་སུ་བྱས་པའི་རྗེས་སུ་གྲོས་ཚོགས་གོང་མའི་ནང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཡོད་པའི་ཐོག་ནས། གནད་དོན་དེའི་ཐོག་ཉན་ཞིབ་བྱེད་དགོས་ཀྱི་ཡོད་པ་དང་། མཐའ་མར་གྲོས་ཚོགས་གོང་མའི་འཐུས་མི་རྣམས་བཤེར་དཔང་གི་ངོ་བོའི་ཐོག་ནས། སྲིད་འཛིན་གྱི་ནག་ཉེས་ར་སྤྲོད་བྱེད་པར་རྒྱབ་སྐྱོར་ཡོད་མེད་ཐོག་འོས་ཤོག་འཕེན་དགོས་ཀྱི་ཡོད་པ་དང་། གལ་ཏེ་འོས་ཤོག་འཕངས་ཏེ་གསུམ་ཆ་གཉིས་ཀྱིས་སྲིད་འཛིན་གྱིས་ནག་ཉེས་བསགས་ཡོད་པར་རྒྱབ་སྐྱོར་བྱས་ཚེ། སྲིད་འཛིན་དེ་རང་བཞིན་གྱིས་གནས་དབྱུང་གཏོང་དགོས་ཀྱི་ཡོད་པ་རེད་དེ། གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་པའི་ཚོགས་མི་མང་བ་ཡོད་པས། མང་གཙོ་ཚོགས་པས་འོས་ཤོག་ལ་ཤུགས་རྐྱེན་སྤྲོད་ཆེད་དུ་དཔང་མི་འབོད་འགུག་བྱེད་ཐབས་བྱས་ཀྱང་། སྤྱི་མཐུན་ཚོགས་པས་ཁས་ལེན་མ་བྱས་ནས་འོས་ཤོག་འཕངས་ཏེ་དཔང་མི་འབོད་འགུག་བྱེད་རྒྱུ་མེད་པ་ཆགས་ནས། ཐད་ཀར་ནག་ཉེས་ཡོད་མེད་ཐད་འོས་ཤོག་འཕེན་པའི་ལས་དོན་ལ་འགྲོ་དགོས་བྱུང་ཡོད་པ་རེད།

ཐེངས་འདིར་སྲིད་འཛིན་ཊོམ་ལ་ནག་ཉེས་མེད་པའི་ཐག་གཅོད་དེ་ནི་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་། མང་གཙོ་ཚོགས་པར་ཕམ་ཁ་ཆེན་པོ་ཞིག་ཡིན་པས། གནད་དོན་དེས་འདི་ལོའི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུར་ཤུགས་རྐྱེན་སྤྲོད་སྲིད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༠༨༨ ཀློག་གྲངས།