རྒྱལ་སྤྱིའི་མཁའ་དབུགས་དང་ནད་ཡམས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༩  ཕྱི་ལོ་ ༢༠༢༠/༠༢/༠༥

ད་ལྟའི་དུས་འདིར་འཛམ་གླིང་ས་ཕྱོགས་མང་པོ་ནས་ནད་ཡམས་ཤིག་ལ་བརྟེན་ནས་རྒྱ་ནག་དང་མཉམ་དུ་འགྲོ་འོང་སྐོར་ལ་དམ་དྲག་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ཧུའུ་པེ་ཞིང་ཆེན་གྱི་ཝུ་ཧན་སོགས་གྲོང་ཁྱེར་སོགས་ལ་མཚོན་ན་རྒྱ་ནག་ནང་ཁུལ་ནས་ཀྱང་འགྲོ་འོང་བཀག་སྡོམ་བྱས། གནད་དོན་འདིའི་ཐོག་ནས་ད་ལྟའི་དུས་ཚོད་འདིར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱ་ནག་ལ་དོ་སྣང་དམིགས་བསལ་ཞིག་བྱེད་བཞིན་པ་དང་། དེ་ཡང་ཕྱོགས་གཅིག་ནས་ད་ལྟའི་ཆར་རྒྱ་ནག་གི་བྱ་སྤྱོད་མང་པོ་ཞིག་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་དོགས་ཟོན་དང་གདོང་ལེན་བྱེད་བཞིན་པའི་དུས་ཚོད་ཅིག་ཏུ་འཁེལ་ཡོད་པ་དང་། ཕྱོགས་གཅིག་ནས་ནད་ཡམས་དེ་ཉིད་སྔོན་འགོག་དང་བཅོས་ཐབས་མེད་པའི་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཀྱང་བྱུང་ཡོད་ངེས་རེད། གནད་དོན་འདི་དག་གི་ཐོག་ནས་བལྟས་ན་ད་ལྟའི་ཆར་རྒྱ་ནག་ལ་མཚོན་ན་ནད་ཡམས་ཙམ་དུ་མ་ཟད། རྒྱལ་སྤྱིའི་ཐོག་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་མཁའ་དབུགས་ཡག་པོ་ཞིག་གཏན་ནས་མེད་པའི་དུས་ཚོད་ཅིག་ཏུ་འགྱུར་བཞིན་ཡོད།

བོད་དོན་འཐབ་རྩོད་ནི་ནད་ཡམས་དང་འབྲེལ་བ་གང་ཡང་མེད་ཀྱང་། རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱ་ནག་དང་འབྲེལ་བའི་གནད་དོན་གཞན་དག་དུས་ཡུན་རིང་ཐུང་ག་འདྲ་ཡིན་ནའང་འདྲ། གནད་དོན་འདི་རིགས་བོད་དོན་འཐབ་རྩོད་ཀྱི་ཆ་ནས་གལ་ཆེན་པོ་འབའ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གི་ཁ་ལས་རླུང་རྟ་དར་བཞིན་པ་དང་། དཔལ་འབྱོར་དང་ཆབ་སྲིད་སོགས་ལ་རྒྱལ་སྤྱིའི་ཁྱོན་ནས་གཞོགས་འདེགས་དང་། བསྟུན་གཤིབས་སོགས་བྱེད་བཞིན་པའི་སྐབས་ཤིག་ཡིན་ན། རྒྱ་ནག་གཞུང་ལ་ཁ་གཏད་གཅོག་མཁན་སུ་ཡིན་ཡང་ནུས་པ་ཆུང་ནས་ཆུང་དུ་འགྲོ་རྒྱུ་ཉག་གཅིག་ཡིན་པ་དང་། ཨ་རི་སོགས་ཀྱིས་རོགས་རམ་འོག་རྒྱ་ནག་རྒྱལ་སྤྱིའི་ཚོང་དོན་ལྷན་ཚོགས་ནང་བཅུག་པའི་རྗེས་སུ་བོད་དོན་འཐབ་རྩོད་ཀྱི་ཁ་ལས་ཀླུང་རྟ་ཉམས་རྒུད་དུ་སོང་ཡོད་པ་མ་ཟད། ཐའེ་ཝན་གྱི་ཁ་རྗེ་དབང་ཐང་ཡང་མར་ལ་འགྲིབ་བཞིན་པ་ལྟ་བུའི་གནས་ཚུལ་ཞིག་རྒྱལ་སྤྱིའི་སྟེང་མངོན་གསལ་དུ་གྱུར་ཡོད། མི་ལོ་ཉི་ཤུ་ལྷག་གི་དུས་ཡུན་རིང་རྒྱ་ནག་རྒྱལ་སྤྱིའི་མིག་མདུན་དུ་མངོན་གསལ་དོད་པོ་ཆགས་པ་ནི་རྒྱལ་སྤྱིའི་ཤུགས་རྐྱེན་དང་གོ་སྐབས་ལ་བརྟེན་ནས་བྱུང་ཡོད།

འོན་ཀྱང་ད་ལྟའི་ཁ་ཕྱོགས་འདི་ཉིད་མུ་མཐུད་དུ་གནས་ན་མ་འོངས་པའི་ལོ་ཤས་ནང་རྒྱ་ནག་དེ་རྒྱལ་སྤྱིའི་སྟེང་དུ་ཤུགས་རྐྱེན་ཆུང་དུ་འགྲོ་ངེས་པ་རེད། ཁ་གཏད་ཀྱི་སྟོབས་ཤུགས་ཅི་ཙམ་ཆུང་དུ་སོང་བ་དེའི་ཚོད་ཀྱིས། ང་ཚོའི་འཐབ་རྩོད་ལ་གོ་སྐབས་ཡོད་ལ། གོ་སྐབས་ཆུང་ངུ་ཞིག་ལས་མེད་ཀྱང་དམ་འཛིན་དགོས་པ་དེ་གཡོལ་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད། སྐབས་རེ་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཚོང་འབྲེལ་དང་དམག་དོན་སོགས་ཀྱི་འཐབ་རྩོད་ནང་། བོད་དོན་ལག་ཆར་བརྩིས་ནས་བེད་སྤྱོད་གཏོང་གི་རེད་ལ། དེ་ཡང་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ངོས་ནས་བེད་སྤྱོད་གཏོང་གི་རེད། བོད་པ་རང་ངོས་ནས་ཀྱང་སྐབས་དེ་དང་དེ་དག་ཏུ་ཡོད་པའི་གོ་སྐབས་གང་ཡོད་པ་དང་། བོད་དོན་འཐབ་རྩོད་ལ་ཕན་པའི་ཆེད་དུ་ལེན་མ་ཐུབ་ན། རྒྱལ་སྤྱིའི་སྟེང་དུ་ཡོད་པའི་གོ་སྐབས་ཚང་མ་བོད་དོན་ལ་རྒྱབ་སྐྱོར་གྱི་ཆེད་དུ་མིན་ལ། བོད་དོན་ལ་ཁ་གཏད་ཀྱི་ཆེད་དུའང་མིན་པར། རྒྱལ་ཁབ་སོ་སོའི་ཁེ་ཕན་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པ་དེ་གསལ་པོ་ཤེས་པའི་ཐོག་ནས་བོད་ཀྱི་གནད་དོན་གསོན་པོར་གནས་པར་རྩོད་ལེན་བྱེད་དགོས།

འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བོད་དོན་བེད་སྤྱོད་གཏན་ནས་མེད་པར་གྱུར་པའི་སྐབས། དོན་གྱིས་བོད་ཀྱི་འཐབ་རྩོད་དེ་ཤི་བ་རེད་ལ། རྒྱལ་སྤྱིའི་སྟེང་དུ་ཡོད་པའི་གོ་སྐབས་དག་ལེན་མ་ཐུབ་ན་བོད་དོན་འཐབ་རྩོད་ནི་བེམ་པོ་ཙམ་དུ་གྱུར་སོང་བ་རེད། སྤྱིར་ད་ལྟའི་ཆར་རྒྱ་དམར་གཞུང་དང་མཉམ་དུ་མེས་ཚིག་མེར་གཏུག་གི་དཔེ་བཞིན་འབྲེལ་བ་བྱེད་གང་ཐུབ་བྱེད་བཞིན་ཡོད་པ་དང་། བྱེད་དགོས་པ་དེ་ཡང་གལ་ཆེན་པོ་རེད། འོན་ཀྱང་རྒྱ་དམར་གཞུང་ཙམ་དུ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ཡང་ཁ་གཏད་དང་གྲོས་བསྡུར་བྱེད་པའི་སྐབས། རང་ཉིད་ཀྱི་ཁེ་ཕན་གཙོར་བཟུང་བྱེད་པ་ལས། ལྷག་བསམ་རྣམ་དག་དང་། དྲང་པོ། ཁ་ཞེ་གཉིས་མེད་ཟེར་བ་དེ་ཚོ་ཁ་ནས་ཡང་ཡང་བཤད་པ་ཙམ་ལས། དོན་དུ་ལག་བསྟར་བྱེད་རྒྱུ་ཞིག་གཏན་ནས་མིན། དེར་བརྟེན་རང་ངོས་ནས་ལྗིད་ཁོག་དང་གནོན་ཤུགས་ཡོད་པ་ཞིག་བཟོ་མ་ཐུབ་ན། ཁ་གཏད་ཀྱི་ངོས་ནས་གྲོས་བསྡུར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་ཅིང་། ཅི་ཙམ་བོད་དོན་དེ་རྒྱ་ནག་གི་ཁུར་པོར་གྱུར་པ་དེ་སྲིད་དུ་བོད་དོན་འཐབ་རྩོད་ཀྱི་ནུས་པ་མ་བརླགས་པར་གནས་ཐུབ།

མདོར་ན་རྒྱ་དམར་གཞུང་ལྟ་བུ་ངོ་ཚ་ཁྲེལ་གཞུང་དང་། ཤ་ཚ་སྙིང་རྗེ་མེད་པ་ཞིག་ལ་མཚོན་ན་ཡིད་ཆེས་དང་རེ་བ་བརྒྱབ་ནས་ནུས་པ་གང་ཡང་ཐོན་མི་ཐུབ་པར། ཡིད་ཆེས་ལ་བརྟེན་ནས་གནས་སྐབས་ཙམ་གནད་དོན་ཐག་གཅོད་བྱེད་ཐུབ་སྲིད་པའི་དབང་དུ་བཏང་ཡང་། འདས་པའི་ལོ་རྒྱུས་ནང་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་མྱོང་བ་དང་། རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་ཁས་ལེན་བྱས་ཀྱང་། ད་ལྟའི་གནས་སྟངས་དངོས་ལས་དཔེ་མཚོན་མང་པོ་མི་དགོས་པར། རྒྱ་དམར་གཞུང་ཁ་ཏན་ཚིག་ལ་ཇི་ལྟར་གནས་ཐུབ་མིན་དེ་གསལ་པོར་གྱུར་ཡོད། དམག་དོན་དང་དཔལ་འབྱོར་གཉིས་ཐད་ནས་བོད་པས་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་མི་ཐུབ་ཀྱང་། དུས་རབས་ཉེར་གཅིག་པར་མི་མང་ཉུང་དང་། སྟོབས་ཆེ་ཆུང་ཙམ་ཁོ་ནས་ཐག་གཅོད་བྱེད་མི་ཐུབ་པར། བོད་པས་བདེན་དོན་གཞི་རྩར་བཟུང་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཁྲོད་ནས་གོ་སྐབས་མ་ཤོར་བར་ལེན་ཐུབ་ན། གོ་སྐབས་གཏན་ནས་མེད་པ་ཞིག་མིན་པ་འདི་རྩ་དོན་ཉག་གཅིག་ཏུ་གྱུར་ཡོད།།

Share this:
༣༢༣ ཀློག་གྲངས།